༢༠༡༦ ཟླ་ ༣ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༡ ཉིན་༸གོང་ས་མཆོག་གིས་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༡ པའི་ཟུར་ཚོགས་ལྷན་ཚོགས་སྟེང་། འགྲོ་བ་མིའི་ཐོབ་ཐང་གི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་གྲུབ་རྗེས་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ། སུད་སི་གཙོ་བོར་གྱུར་བའི་ཡུ་རོབ་གནས་སྡོད་བོད་རིགས་བཅས་ཁྱོན་མི་གྲངས་ ༣༠༠༠ བརྒལ་བརབཀའ་སློབ་སྩལ་དོན།
ཁྱེད་རང་ཚོ་དེ་རིང་འདིར་ཆེད་མངགས་འཛོམས་ནས་ངོས་རང་དང་ཐུག་རྒྱུའི་གོ་སྐབས་བྱུང་བ་རེད། བར་སྐབས་ངོས་རང་སྨན་བཅོས་བྱེད་སྐབས་བོད་གཞིས་བྱེས་ས་ཁུལ་མང་པོ་ཞིག་ནས་གསོལ་འདེབས་སྨོན་ལམ་བྱས་འདུག དེ་བཞིན་སུད་སིར་ཡོད་པ་ཁྱེད་རང་ཚོས་ཀྱང་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་གསོལ་འདེབས་སྨོན་ལམ་བྱས་འདུག་པར་བརྟེན་ངོས་ཀྱིས་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། སྨན་བཅོས་དེ་ནི་ཕལ་ཆེར་ལོ་གཅིག་གཉིས་ཀྱི་གོང་ནས་ངོས་ལ་ལྒང་པའི་ནད་གཞི་ཞིག་འདུག ཅེས་ནད་གཞི་དེར་སྔོན་འགོག་ཆེད་སྨན་བཅོས་བྱེད་ན་ཡག་རྒྱུ་རེད། ཅེས་སྐད་ཆ་བྱུང་བ་རེད། སྨན་བཅོས་དེར་དུས་ཚོད་ཏོག་ཙམ་འགོར་གྱི་འདུག དེར་བརྟེན་རྒྱ་གར་ལྷོ་ཕྱོགས་སུ་བཀའ་ཆོས་བྱེད་རྒྱུ་དེ་དག་ལོ་བསྟུད་མར་བྱས་རྗེས་ཕལ་ཆེར་ད་ལོ་ལོ་བཞི་པར་ཆ་ཚང་བ་ཚར་སོང་། བཀའ་ཆོས་དེ་འགྱངས་ཐབས་མེད་པ་ཞིག་ཡིན་པར་བརྟེན་ཚར་བ་བྱས་ཡོད། དུས་འཁོར་དབང་ཆེན་འགྱང་ཆོག་པ་ཞིག་རེད། ཁ་སང་དུས་འཁོར་དབང་ཆེན་དེ་འགྱངས་རྗེས་ད་ལོའི་ལོ་མཇུག་དེར་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་བྱ་རྒྱུ་རེད། རྒྱ་གར་ལྷོ་ཕྱོགས་ཀྱི་བཀའ་ཆོས་ཚར་རྗེས་སྨན་བཅོས་བྱེད་པར་ཁ་སང་འགོ་སྟོད་འདིར་བསླེབས་མཚམས་གཟུགས་པོ་བརྟག་དཔྱད་ཆ་ཚང་ཞིག་བྱེད་སྐབས་ངོས་ཀྱི་རུས་པ་ནི་དེ་སྔ་ལས་མཁྲེགས་པ་དང་ཡག་ཏུ་ཕྱིན་ཡོད་སྐོར་སྨན་པས་བརྗོད་བྱུང་།
ལྒང་པའི་སྨན་བཅོས་བྱ་རྒྱུ་དེ་ཡང་ཐོག་མའི་འཆར་གཞི་ཡོད་བཞིན། སྨན་བཅོས་ཀྱི་དུས་ཡུན་དེ་བདུན་ཕྲག་ལྔ་ཙམ་འགོར་བ་ཙམ་ལས་གཞན་ཉིན་རེ་ཉིན་རེའི་སྨན་བཅོས་བྱེད་རྒྱུ་དེ་སྐར་མ་ལྔ་དྲུག་ཙམ་རེད། ཧ་ཅང་ལས་སླ་པོ་འདུག སྨན་ཁང་དེ་ཡང་ངོས་རང་སྡོད་ས་དང་ཐག་ཉེ་པོ་རེད། ངོས་རང་སྡོད་ས་དེ་ནས་སྨན་ཁང་དབར་སྐར་མ་བཅུ་གྲངས་ཤིག་ལས་འགོར་གྱི་མེད། སྨན་ཁང་ནང་སྐར་མ་བཅུ་གྲངས་ཤིག་སྨན་བཅོས་བྱས་རྗེས་ཡར་ལོག་ཡོང་གི་ཡོད། ཧ་ལམ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་ནང་ཚང་མ་ཚར་འགྲོ་གི་འདུག ཕྱི་ལ་སྨན་བཅོས་བྱེད་ཀྱི་ཡོད་རེད་ཅེས་བརྗོད་པ་མ་གཏོགས། ནང་དོན་དེ་གུང་གསེང་སྐྱིད་ཤོས་དེ་བྱུང་། མི་ཐུག་རྒྱུ་དེ་འདྲ་གང་ཡང་མེད་པ་སྨན་བཅོས་བྱས་ནས་བསྡད་ཡོད་སྟབས་ཞོགས་པ་ནས་དགོང་དྲོ་བར་ལྷོད་ལྷོད་བྱས་ནས་བསྡད་པ་ཡིན། ངོས་རང་རྒྱུན་ལྡན་གྱི་ཁ་འདོན་འདོན་རྒྱུར་ཆུ་ཚོད་ལྔ་དྲུག་ཙམ་འགོར་གྱི་འདུག དེའི་འཕྲོས་ཀྱི་དུས་ཚོད་དེ་ཚོར་དཔེ་ཆ་འདྲ་ཀློག་ནས་ལྷོད་ལྷོད་ངང་བསྡད་པ་ཡིན། ཧ་ཅང་སྐྱིད་པོ་བྱུང་། སྨན་ཁང་ནང་ལ་ཡིན་ནའང་ངོས་རང་ལོ་བཅུ་གྲངས་རིང་སྨན་ཁང་དེར་བརྟག་དཔྱད་བྱས་པར་བརྟེན་སྨན་པ་ཚོ་ངོས་ཀྱི་ངོ་ཤེས་ནང་ཚགས་ལྟ་བུ་ཆགས་ཡོད། སྨན་བཅོས་བྱེད་སའི་སྨན་ཞབས་པ་ཚོ་ཡང་ངོས་རང་དང་ངོ་ཤེས་པ་ཆགས་པར་བརྟེན་ངོས་རང་སྨན་བཅོས་ཚར་རན་པའི་སྐབས་སྨན་ཞབས་པ་མང་པོ་ཞིག་མིག་ཞག་འཁོར་འཁོར་འདྲ་བྱས་ནས་ད་ནས་བཟུང་ང་ཚོ་ཐུག་གི་མ་རེད། ཅེས་ང་ཚོ་མིའི་བརྩེ་བ་ཟེར་བ་དེ་ངོ་ཤེས་ནང་ཚགས་ལྟ་བུ་ཆགས་ནས་གཅིག་གིས་གཅིག་ལ་གྲོགས་པོའི་འདུ་ཤེས་ལྟ་བུ་ཚོར་བ་ཆེན་པོ་ཞིག་བསླེབས་པ་བྱུང་། ངོས་རང་ཧ་ཅང་སྐྱིད་པོ་བྱུང་། སྨན་ཞབས་པ་ཁ་ཤས་ཀྱིས་ཁྱེད་རང་ཞོགས་པ་སྔ་པོ་ནས་བསྟན་བཤིག་ཤ་སྟག་བླངས་ནས་བསྡད་ཀྱི་འདུག དེ་གང་འདྲ་རེད། ཅེས་ངོས་ལ་སྐད་ཆ་དྲིས་བྱུང་། ང་ཚོ་ཧ་ཅང་འཆམ་པོ་བྱུང་། གང་ལྟར་སྨན་བཅོས་སྔོན་འགོག་བྱེད་རྒྱུ་དེ་དག་ཆ་ཚང་ཟིན་ནས་གཟུགས་པོ་བདེ་ཐག་ཆོད་ཡོད། ཁྱེད་རང་ཚོ་ཚང་མས་ཀྱང་ཞབས་བརྟན་གསོལ་འདེབས་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་བསྒྲུབས་པ་དེའི་བྱིན་སྟོབས་ངེས་པར་དུ་ཡོང་གི་རེད། ངོས་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་ནས་ཁ་སང་སྨན་བཅོས་ཚར་རྗེས་ཝི་སི་ཀོན་སིན་གཙུག་ལག་སློབ་གཉེར་ཁང་དུ་འཛམ་གླིང་ནང་སྙན་གྲགས་ཡོད་པའི་ཚན་རིག་པ་རི་ཆ་ཌི་ཌེ་ཝི་ཌི་སོན་ Richard Davidson ལགས་ལོ་མང་གོང་ནས་ངོ་ཤེས་རེད། ཁོང་གིས་གོ་སྒྲིག་འོག་ཁུལ་དེར་ཚན་རིག་པ་ཁག་གཅིག་དང་ལྷན་ཚོགས་འདུ་འཚོགས་པ་དང་། སློབ་ཕྲུག་དང་ཚན་རིག་པས་ཉམས་ཞིབ་བྱས་ནས་རིག་པ་གསར་པ་རྙེད་པའི་གྲུབ་དོན་ཐོག་གོ་བསྡུར་བྱས་པ་རེད། ཧ་ཅང་ཡག་པོ་བྱུང་། ང་ཚོས་འདས་པའི་ལོ་སུམ་ཅུའི་རིང་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱུང་བ་རེད། ཚན་རིག་པས་ང་ཚོར་ཚུར་དངོས་ཁམས་རིག་པའི་ཐོག་འགྲེལ་བཤད་རྒྱག་སྐབས་གོ་བ་གསར་པ་བསླེབས་པ་དང་དངོས་གནས་གནས་ཚུལ་གསར་པ་ཤེས་རྒྱུར་ཧ་ཅང་ཕན་ཐོགས་ཡོང་གི་འདུག
ང་ཚོས་ཚན་རིག་པ་ཚོར་ད་བར་སེམས་ཁམས་རིག་པའི་སྐོར་མ་ཤེས་པ་དང་། ཞིབ་ཚགས་པོ་མེད་པ་དེར་འགྲེལ་བཤད་བྱས། གང་ཡིན་བརྗོད་ན་ཚན་རིག་པ་ཚོས་སེམས་ཁམས་རིག་པའི་སྐོར་ཞིབ་ཚགས་པོ་འགྲེལ་བཤད་མེད། སྤྱིར་བཏང་སེམས་ཞེས་བརྗོད་དུས་ཚན་རིག་པ་སྔོན་མ་ཚོས་སེམས་ཞེས་པ་ཀླད་པའི་གཡོ་འགུལ་ལྟ་བུ་ཞིག་གི་ཐོག་ནས་བྱུང་བ་མ་གཏོགས་སེམས་ཞེས་པ་ཟུར་དུ་ཡོད་མ་རེད། ཅེས་ཟེར་མཁན་དེ་འདྲ་བྱུང་མྱོང་ཡོད། འོན་ཀྱང་དེང་སྐབས་རྣམ་པར་ཤེས་པ་ཞེས་བརྗོད་སྐབས། གཞི་ནས་ཀླད་པ་ལས་ལོགས་སུ་ཡོད་པ་ཞིག་ལ་དོ་སྣང་གསར་པ་ཞིག་བསླེབས་ཏེ་དེ་འདྲའི་ཐོག་ལ་ཉམས་ཞིབ་བྱེད་མཁན་ཡང་འདུག
གང་ལྟར་སྤྱིར་རྒྱ་གར་འཕགས་པའི་ཡུལ་གྱི་ལོ་ངོ་སྟོང་ཕྲག་རིང་གི་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་ཡོད། དེ་འདྲ་ཞིག་ཡོང་རྒྱུ་དེ་ཡང་ཧ་ཅང་གསལ་པོ་ཡིན། གང་ལྟར་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་བརྒྱུད་ཕྱི་པ་དང་ནང་པ་དབྱེ་བ་མེད་པར་ཆོས་བརྒྱུད་མང་པོ་ཞིག་གི་ནང་ལ་ཞི་གནས་དང་ལྷག་མཐོང་བསྒོམ་རྒྱུ་ཞིག་ཡོད། ཞི་གནས་དང་ལྷག་མཐོང་བསྒོམ་རྒྱུའི་ཉམས་ལེན་ཡོད་མཁན་ཚོར་སེམས་ཁམས་རིག་པའི་སྐོར་ལ་འགྲེལ་བཤད་ཅིག་རང་བཞིན་གྱི་ཡོང་རྒྱུ་ཡིན་པ་རེད། དེར་བརྟེན་སངས་རྒྱས་པའི་གཞུང་གི་ནང་ལ་སེམས་ཁམས་རིག་པའི་སྐོར་ལ་མང་པོ་གསུངས་ཡོད་པ་དེ་ཚན་རིག་པ་ཚོར་ཧ་ཅང་གི་ཕན་ཐོགས་ཆེན་པོ་དང་ངེས་ཤེས་གསར་པ་སྐྱེས་ནས་ང་ཚོ་དེ་དག་གི་ཐོག་སྐད་ཆ་གང་ཙམ་བྱུང་སོང་། དེ་བཞིན་ཚན་རིག་པ་གསར་པ་སྒོམ་རྒྱག་མཁན་དེ་ཚོའི་མཉམ་དུའང་སྐད་ཆ་ཏོག་ཙམ་བྱུང་། ང་ཚོ་ནང་ཚགས་ཆགས་ཡོད་སྟབས་ངོས་ཀྱི་ཁྱད་གསོད་ཏོག་ཙམ་ཡང་བྱས་པ་ཡིན། འདྲི་བ་དེ་འདྲ་བཀོད་པ་སོགས་ཧ་ཅང་འཕྲོས་པོ་བྱུང་། གང་ལྟར་ཁྱེད་རང་ཚོར་ངོས་ཀྱི་གདེང་འཁེལ་ནས་བརྗོད་ཐུབ་རྒྱུ་ཞིག་ནི། ང་རང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་སྔོན་གྱི་ཆོས་རྒྱལ་ལོ་པཎ་ཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་རང་ཚོའི་སྐད་ཡིག་ནང་ལ་ནཱ་ལེནྜའི་མཁས་པའི་དབང་པོ་ཚོས་གསུངས་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་སྐོར་དེ་བོད་ཡིག་ནང་ཆ་ཚང་བ་ཞིག་ཡོད། རྩ་བའི་རྒྱ་ནག་གི་ནང་པ་ཚོ་ཡང་ནཱ་ལེནྡྲའི་ཆོས་བརྒྱུད་གཅིག་གྱུར་ཆགས་ཡོད། ཀླུ་སྒྲུབ་ཀྱི་གསུང་གོ་མྱོང་བ་དང་ཐོས་མྱོང་བ། ཀླུ་སྒྲུབ་ཀྱི་རྗེས་འབྲང་གཅིག་གྱུར་ཆགས་ཡོད་ཀྱང་དེ་འདྲའི་རྒྱ་གར་མཁས་པའི་གཞུང་མང་པོ་ཞིག་རྒྱ་ཡིག་ནང་བསྒྱུར་མི་འདུག
ལྷག་དོན་ཚད་མ་རིག་པའི་སྐོར་དེ་རྒྱ་ཡིག་ནང་ཧ་ལམ་བསྒྱུར་མི་འདུག ང་ཚོ་བོད་ཡིག་ནང་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་ཚད་མའི་གཞུང་དེ་དག་ཧ་ལམ་ཆ་ཚང་བ་ཞིག་བསྒྱུར་བ་ཙམ་དུ་མ་ཟད། བོད་གནའ་རབས་ནས་བཟུང་སྟེ་དཔེར་ན་ས་སྐྱ་པཎ་ཌི་ཏས་ཁོང་རང་ཉིད་ཀྱིས་ཚད་མའི་གཞུང་རིག་གཏེར་མཛད་པ་དང་། ཕྱྭ་པ་ཡབ་སྲས་དེ་ཚོ་ནས་བཟུང་ཚད་མའི་སྐོར་ལ་དམིགས་བསལ་གྱི་ཐུགས་སྣང་གནང་འདུག དེར་བརྟེན་དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་སངས་རྒྱས་པའི་ཆོས་བྱེད་མཁན། དེའི་ནང་ཚན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན། ཚད་མའི་གཞུང་གི་སྐོར་ལ་སློབ་སྦྱོང་བྱས་ནས་འགྲེལ་བཤད་རྒྱག་ཐུབ་མཁན་འཛམ་གླིང་འདིའི་སྟེང་བོད་པ་ཁོ་ན་མ་གཏོགས་མེད། ང་རང་ཚོས་རིག་གནས་ཆེ་བ་ལྔ་བརྗོད་སྐབས། སྒྲ་རིག་པ། ཚད་མ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ། བཟོ་རིག་པ། ཞེས་བཤོད་ཀྱི་ཡོད། ཚད་མ་རིག་པ་དེ་ང་ཚོ་བོད་པ་གཅིག་པུར་མ་གཏོགས་མེད་པ་ཞིག་ཆགས་ཡོད། ང་ཚོ་བོད་པའི་སྐད་ཡིག་ནང་ལེགས་སྦྱར་གྱི་མིང་ཚིག་བེད་སྤྱོད་བྱེད་མི་དགོས་པ། ང་རང་ཚོ་སྐད་ཀྱི་སྟེང་ནས་ཆ་ཚང་འགྲེལ་བཤད་རྒྱག་ཐུབ་པའི་རང་མགོ་ཐོན་པ་ཞིག་རེད་འདུག གཞུང་ལ་ཆ་བཞག་ན་ལོ་མང་པོར་སློབ་སྦྱོང་བྱེད་ཀྱི་ཡོད། དེར་བརྟེན་ངོས་ཀྱིས་ཁྱེད་རང་ཚོར་འབོར་ཤོབ་ཅིག་བཤད་ན། མཁས་དབང་ང་ཡིན་ཟེར་མཁན་དེ་འདྲ་དང་ཐུག་སྐབས་ངོས་རང་སྐྱོ་པོ་དེ་ཙམ་མི་འདུག ཁ་བདེ་པོ་འདྲ་འཆད་རྒྱུ་རག་གི་འདུག ཁ་བདེ་པོ་འཆད་རྒྱུ་དེ་ངོས་རང་རྣམ་དཔྱོད་ཆེ་དྲགས་པས་མ་རེད། ང་རང་ཚོ་ལོ་སྟོང་ཕྲག་རིང་ལ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་ཀ་མ་ལ་ཤི་ལའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་རྒྱ་གར་མཁས་པའི་གཞུང་ཆེན་མོ་དེ་དག་ལ་སློབ་སྦྱོང་སྦྱང་རྒྱུའི་སྲོལ་ཞིག་དུས་ལྟ་བར་དུ་གནས་ཡོད།
ངོས་རང་ལྟ་བུར་མཚོན་ན་ལོ་བདུན་བརྒྱད་ནས་བཟུང་དཔེ་ཆར་རྩ་ནས་བལྟ་སྙིང་འདོད་ཀྱི་མེད། ངོས་རང་ལེ་ལོ་ཅན་ཡིན། ཡིན་ནའང་ཡོངས་འཛིན་རིན་པོ་ཆེས་རྟ་ལྕག་ཅིག་ཉར་བཞུགས་ཀྱི་ཡོད། ངོས་ཀྱིས་རྟ་ལྕག་དེ་གཟེད་མ་མྱོང་། ཡིན་ནའང་རྟ་ལྕག་དེ་བཞག་ནས་ཞེད་སྣང་བསྐུལ་གྱིན་བསྐུལ་གྱིན་བྱས་ནས་སློབ་སྦྱོང་ཏོག་ཙམ་བྱས་པ་རེད། དེ་ནས་ཕལ་ཆེར་ལོ་བཅུ་གསུམ་བཅུ་བཞིའི་སྐབས་ལ་གདན་སར་ཆོས་བཞུགས་བྱས་ནས་དཔེ་ཆ་ཏོག་ཙམ་བལྟས་པ་རེད། ལྷག་པར་ཕྱི་ལོ་ ༡༩༥༦།༥༧།༥༨ སྐབས་དེར་དཔེ་ཆའི་ཐོག་གང་ཙམ་གྱི་ཤུགས་བརྒྱབས་པ་རེད། གང་ཡིན་ཟེར་ན་ལྔ་བཅུ་ང་དགུའི་ལོར་གྲྭ་བསྐོར་དམ་བཅའ་གཞག་དགོས་པར་བརྟེན་དམ་བཅའ་འཇོག་རྒྱུར་ཚ་སྦུག་བཏང་རྐྱེན་དཔེ་ཆ་གང་ཙམ་བལྟས་པ་རེད།
བོད་རང་ལ་ཡོད་པའི་སློབ་སྦྱོང་བྱེད་སྟངས་དེ་འདྲའི་སྤུས་དག་པོ་ཡོད་པ། རྩ་བ་བློ་ལ་འཛིན་རྒྱུ། འགྲེལ་བ་དེ་དག་ཚིག་རེ་རེ་བཞིན་འགྲེལ་བཤད་རྒྱག་རྒྱུ་ཡོད་པ། རྩོད་པ་རྩོད་ནས་རིག་པས་བརྡར་ཤ་གཅོད་རྒྱུ་དེ་བོད་མ་གཏོགས་མེད། དེ་ནི་ཧ་ལས་པ་ཞིག་རེད་འདུག དེ་འདྲ་ཡིན་པར་བརྟེན་མཁས་པ་མང་པོ་ཐུག་སྐབས་ང་ཚོ་བོད་པར་ཆོས་རྒྱལ་བཀའ་དྲིན་ཚོའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ང་རང་ཚོའི་སྐད་ཡིག་ནང་ལ་མི་གཞན་དག་སུ་ལའང་སྨོན་མི་དགོས་པར་དེ་འདྲའི་ནང་དོན་རིག་པ་དང་ཚད་མ་རིག་པའི་སྐོར་ཕྱུག་པོ་དེ་འདྲ་ཞིག་འདུག་ཨང་བསམས་ནས་དངོས་གནས་སེམས་ནང་སྤོབས་པ་སྐྱེ་རྒྱུ་དང་། སྤྲོ་སྣང་སྐྱེ་རྒྱུ་ཞིག་འདུག འདི་ང་རང་ཚོ་བོད་མི་ཚོས་ཤེས་དགོས། ཐོག་མར་ང་ཚོ་རྒྱ་གར་དུ་བཙན་བྱོལ་འབྱོར་བའི་སྐབས་སུ་ངོ་ཤེས་པ་ས་དང་གནམ་མ་གཏོགས་མེད། སྐད་མ་ཤེས་པའི་སྐབས་དེར་ང་ཚོ་ལྐུག་པ་འདྲ་བོ་བྱས་ནས་བཞག་པ་རེད།
དེ་སྔ་ང་ཚོ་བོད་པའི་ཆོས་ཞེས་པ་དེ་བླ་མའི་ཆོས་ Lamanism ཞེས་པའི་མིང་ཞིག་འཁྱེར་ནས་བསྡད་པ་རེད། བླ་མའི་ཆོས་ཞེས་པའི་མིང་དེའི་འོག་ནས་ང་ཚོ་བོད་པའི་ནང་ཆོས་དེ་ནང་ཆོས་མཚན་ཉིད་པ་ཞིག་ཧ་ལམ་མིན་པའི་བཟོ་འདྲ་བོ་ཞིག་བཤད་ནས་བསྡད་པ་རེད།
ད་ཆ་འཛམ་གླིང་འདིའི་སྟེང་བོད་ཀྱི་ནང་ཆོས་ཟེར་དུས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ། དཔལ་ནཱ་ལེནྡྲའི་མཁས་པའི་གཞུང་བློ་ཐོག་སྐྱོར་རྒྱུ་ཡོད་པ། འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་བོད་པ་ཆགས་ཡོད། དེང་སྐབས་བོད་ཀྱི་སངས་རྒྱས་ཆོས་འདི་དཔལ་ན་ལེནྡྲའི་ཆོས་བརྒྱུད་རླབས་ཆེན་ཞིག་ཡོད་པ་དང་། དེའི་ཐོག་ནས་བོད་ཀྱི་སངས་རྒྱས་ཆོས་ལ་མཐོང་ཆེ་རུ་ལྟ་བུ་འགྲོ་ཡོད། མཇུག་ཏུ་ངོས་ཀྱིས་རྩེད་མོ་རྩེད་དེ་འདི་ཕོ་ངས་བྱས་པ་ཡིན། ཨ་ཕོ་ངས་བྱས་པ་ཡིན། ཞེས་བརྗོད་པ་ཡིན། གང་ལྟར་ཡག་ཉེས་ང་རང་ཚོར་མི་ནང་བཞིན་རྒྱུ་ཆ་ཧ་ཅང་སྤུས་དག་པོ་འདུག དེ་སྔ་ཕན་ཆད་ཕྱི་ལ་བཏོན་ཐུབ་མེད། སྐད་ཀྱི་ཐོག་ནས་དཀའ་ངལ་ཞིག་འཕྲད། འབྲེལ་བ་དང་གོ་སྐབས་ཀྱང་དེ་ཙམ་མེད། ད་ཆ་དོ་སྣང་བྱེད་མཁན་མང་དུ་ཕྱིན་པའི་སྐབས་སུ་ང་ཚོས་དུས་ད་ལྟ་བར་དུ་རྒྱ་གར་མཁས་པའི་རྣམ་དཔྱོད་ལས་ཐོན་པའི་སྨད་དུ་བྱུང་བའི་ལེགས་བཤད་ང་ཚོས་ལོ་སྟོང་ཕྲག་རིང་བདག་པོ་བརྒྱབ་པ་འདི་དེང་སྐབས་འཛམ་གླིང་འདིར་ཕར་བགོ་བཤའ་བྱེད་ཐུབ་རྒྱུའི་དུས་ཚོད་ཅིག་བསླེབ་ཡོང་གི་འདུག འདི་ནང་ཆོས་རང་བཤད་རྒྱུའི་སྐད་ཆ་མ་རེད། ཚད་མ་རིག་པའི་སྐོར་དང་། སེམས་ཁམས་རིག་པའི་སྐོར་དེ་དག་ཆོས་མེད་མཁན་ཚོ་ཡིན་ནའང་འདི་ཤེས་དགོས་རྒྱུ་ཞིག་རེད།
དེར་བརྟེན་བར་སྐབས་ང་ཚོས་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཡོད་པ་དེའི་ནང་ནས་བརྗོད་བྱའི་ཆ་ནས་སྡེ་ཚན་གསུམ་ཕྱེ་ནས་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ཚན་རིག་སྡེ་ཚན་གཅིག་དང་། དེ་ནས་བདེན་གཉིས་ཀྱི་ལྟ་གྲུབ་གཙོ་བོར་བྱས་ནས་བདེན་གཉིས་འཇོག་སྟངས་མི་འདྲ་བ་ཡོད་པ་དེ་ཚོའི་སྐོར་བྱས་ནས་སྡེ་ཚན་གཅིག བདེན་བཞི་ཟེར་བ་ཡིན་ན། ནང་པའི་ཆོས་དང་ཐད་ཀར་འབྲེལ་བ་ཡོད། བདེན་གཉིས་ཟེར་ན་མུ་སྟེགས་པས་བཤད་ཀྱི་ཡོད། ནང་པའི་གྲུབ་མཐའ་གོང་འོག་ཚང་མས་གསུང་གི་ཡོད། སྤྱིར་བདེན་གཉིས་ཀྱི་རྣམ་གཞག དེ་འདྲའི་ལྟ་གྲུབ། དེང་སྐབས་ནས་མི་མཐུན་པའི་ལྟ་གྲུབ་སྐོར་སྐད་ཆ་བཤད་སྐབས་ཚན་རིག་པས་ Quantum Physics བཤད་བཞིན་པ་དང་ཏག་ཏག་མཐུན་གྱི་འདུག སྔ་མོ་སེམས་ཙམ་པས་ཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་འཆད་རྒྱུ་དེ་གང་ལྟར་ལྷན་ཅིག་དམིགས་ངེས་དང་སྔོན་འཛིན་མིག་ཤེས་ཡོད་ན་སྔོན་པོ་ཡོད་པ། སྔོན་འཛིན་མིག་ཤེས་མེད་ན་སྔོན་པོ་མེད་པ་ཞེས་འཆད་རྒྱུ་དེ་ཚད་རྡུལ་ཕྲ་མོའི་དངོས་ཁམས་རིག་པའི་རྣམ་གཞག་ Quantum Physics ཐོག་ནས་ཏག་ཏག་འགྲོ་ཐུབ་ཀྱི་འདུག ཡུལ་གྱི་ངོས་ནས་གྲུབ་ཡོད་མ་རེད་ཟེར་རྒྱུ་དེ་ཏག་ཏག་འཆད་ཀྱི་འདུག དེ་ནས་ཚད་རྡུལ་ཕྲ་མོའི་དངོས་ཁམས་རིག་པའི་རྣམ་གཞག་ Quantum Physics འཆད་མཁན་ཚོས་ཡུལ་གྱི་ངོས་ནས་ཡོད་དགོས་རྒྱུ་ཞིག་ལ་དེ་མ་རྙེད་པའི་སྐབས་སུ་འཇུ་ས་འཆང་ས་མེད་པ་ལྟ་བུ་ཆགས་ཡོད། རྒྱ་གར་གྱི་མཁས་པ་ཚོས་ལོ་ཉི་སྟོང་ལྔ་བརྒྱ་གོང་ནས་ངོ་བོའི་གྲུབ་མེད་པ། ངོ་བོའི་མ་གྲུབ་པ་དེ་བརྟེན་ནས་བྱུང་བ་འཆད་པའི་སྐབས་སུ་ཐ་སྙད་དུ་བྱ་བྱེད་ཕན་གནོད་ཆ་ཚང་ཡོད་པ། བཏགས་དོན་བཙལ་ན་དོན་གྱི་ངོས་ནས་རྙེད་རྒྱུ་མེད་པ། བཅོམ་ལྡན་འདས་བྱུང་ནས་ལོ་ ༢༦༠༠ ཕྱིན་ཡོད་ཀྱང་ལྟ་གྲུབ་དེ་དག་གནས་ཡོད། ཧ་ལས་པ་རེད་འདུག དེར་བརྟེན་དེ་ཚོའི་སྐོར་དེ་སྡེ་ཚན་གཅིག་ཕྱེ་སྟེ། བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ནང་གི་ཚན་རིག་སྐོར་དང་། ཚད་མའི་རིགས་ལམ་སྐོར་ཏོག་ཙམ་དང་། དེ་ཡང་གཞལ་བྱ་ཡུལ་གྱི་རྣམ་གཞག འཇལ་བྱེད་བློ་ཡི་རྣམ་གཞག འཇལ་བྱེད་བློ་ཡིས་ཡུལ་ཇི་ལྟར་གཞལ་བའི་ཚུལ།
ཡུལ་གཞལ་བའི་འཇལ་ཐབས། མཐའ་གཅིག་འཛིན་གྱི་ལོག་རྟོག་སེལ་རྒྱུའི་ཐལ་འགྱུར། དེ་ནས་ཡུལ་ལ་ངེས་པ་འདྲེན་རྒྱུའི་གཏན་ཚིག་རིག་པ་བཅས་དབྱེ་བ་ཕྱེ་ནས་ང་ཚོས་དེབ་ཅིག་བཟོ་བཞིན་ཡོད། རིམ་པས་ཨིན་ཇིའི་སྐད་ཡིག་ནང་བསྒྱུར་ནས་ལོ་འདིའི་ནང་ཐོན་ཡོང་གི་རེད། མགྱོགས་པོ་ཐོན་ཡོང་གི་རེད། དེ་བཞིན་རྒྱ་ཡིག་དང་ཉི་ཧོང་། སོག་པོ། ཀོ་རི་ཡ། ཨུ་རུ་སུ། འཇར་མན་སྐད་ཐོག་བསྒྱུར་རྒྱུ་འགོ་འཛུགས་བཞིན་ཡོད་པར་བརྟེན། དེ་ཚོའི་གྲས་དེ་མི་སྤྱི་ལ་ཕན་ཐོགས་རྒྱུ་རེད།
བོད་གངས་ཅན་པས་དུས་ད་ལྟ་བར་བདག་པོ་བརྒྱབ་པའི་རིག་གནས་ཤེས་ཚད་འདི་འཛམ་གླིང་སྤྱི་ལ་ཕར་བགོ་བཤའ་དང་ཕན་ཐོགས་བྱེད་ཐུབ་པའི་མཚམས་ལ་བསླེབས་ཡོད་སྟབས། ང་ཚོ་བོད་རིགས་ནང་ཚགས་བོད་ཡིག་ལ་དོ་སྣང་བྱེད་རྒྱུ་དང་། ལྷག་པར་གཞོན་སྐྱེས་ཚོས་བོད་ཡིག་ལ་དོ་སྣང་བྱེད་རྒྱུ། དེ་ནས་རིམ་པས་གཞུང་ལ་ག་ཚོད་ཐུབ་ཐུབ་སློབ་སྦྱོང་བྱ་རྒྱུ་དང་། ལྷག་པར་ཆོས་ལ་དད་པ་ཡོད་མཁན་ཞིག་ཡིན་ན། གཞུང་དེ་ཚོའི་གྲས་ངེས་པར་དུ་སློབ་ཁྲིད་བྱེད་དགོས་པ་རེད། མཁྱེན་སོང་ངམ། འདི་གར་རི་ཀོན་དགོན་པའི་མཁན་པོ་གཙོས་པའི་ཁྱེད་རང་ཚོས་འགྲེལ་བཤད་བྱེད་དགོས། ཁ་སང་རྒྱ་གར་ལྷོ་ཕྱོགས་སུ་ངོས་ཀྱིས་འདི་ལབ་པ་ཡིན། ང་ཚོས་གཞུང་ཁྲིད་པའི་སྐབས་སུ་འགོ་དེར་དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་གདུལ་བྱ་ལ་ཁྲིད་སྟངས་གཅིག དབང་རྟུལ་དད་པའི་རྗེས་འབྲང་གིས་གདུལ་བྱར་ཁྲིད་སྟངས་གཅིག་བྱས་ནས་གཉིས་ཕྱེ་ཡོང་གི་འདུག ང་ཚོས་དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་ཁྲིད་ལུགས་ལྟར་ཐོག་མར་ཐེ་ཚོམ་དང་། གློ་བུར་དུ་དཀའ་ངལ་ཤེས་ནས་དེ་ག་རང་གསལ་རྒྱུ་མིན་པ། བླ་མས་གསུང་གི་འདུག་ཟེར་རྒྱུ་དེ་མིན་པར་བརྟག་དཔྱད་བྱས། བཅོམ་ལྡན་འདས་རང་གིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།།བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟགས་ལ་ང་ཡི་བཀའ།།བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་ཡོད་སྟབས། བརྟག་དཔྱད་བྱེད། བཅོམ་ལྡན་འདས་ཀྱིས་བཀའ་ཡིན་ནའང་བརྟག་དཔྱད་བྱེད། བརྟག་དཔྱད་བྱས་ནས་རྒྱུ་མཚན་ལྡན་པ་ཞིག་ཡོད་པ་ཡིན་ན། ཁས་ལེན་བྱས། དབང་རྣོན་ཆོས་ཀྱི་རྗེས་འབྲང་པར་ཁྲིད་སྟངས་བཞིན་ཁྲིད་པ་ཡིན་ན། ད་ལྟ་བོད་དུ་ཡོད་པའི་སངས་རྒྱས་པའི་ཆོས་འདི་ཕལ་ཆེར་འབྱུང་འགྱུར་ལོ་བརྒྱ་ཕྲག་ཁ་ཤས་རིང་གནས་ཐུབ་རྒྱུར་ཕལ་ཆེར་ཁས་ལེན་ཞུ་ཐུབ་རྒྱུ་རེད།
དབང་རྟུལ་དད་པའི་རྗེས་འབྲང་གིས་དད་པ་གཙོ་བོར་བྱས་ཏེ་བླ་མས་བཀའ་གནང་གི་འདུག་ཟེར་ནས་ཚོགས་བསག་སྒྲིབ་སྦྱང་ལྟ་བུ་གཟུངས་སྔགས་བགྲང་ནས་ཕྱིན་པ་ཡིན་ན། ཡུན་རིང་པོ་གནས་མ་གནས་བརྗོད་རྒྱུ་ཧ་ཅང་ཁག་པོ་རེད། འཛམ་གླིང་བློ་རིག་བཀྲ་རུ་འགྲོ་བཞིན་ཡོད། དེ་དང་མཉམ་དུ་འགྲོ་ཐུབ་དགོས། སྔོན་མ་ Einstein གྱིས་བཤད་ཡོད། ཚན་རིག་ཡར་རྒྱས་ཕྱིན་པ་དང་མཉམ་དུ་འགྲོ་ཐུབ་མཁན་ཕལ་ཆེར་ནང་པའི་ཆོས་རེད་འདུག ཅེས་སྐད་ཆ་དེ་ལྟར་བཤད་འདུག ངོས་རང་དངོས་སུ་ཉམས་མྱོང་བྱུང་བ་ནི་ལོ་སུམ་ཅུ་ལྷག་ཙམ་རིང་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་བགོ་བསྡུར་བྱས་པར་བརྟེན། སངས་རྒྱས་པའི་ལྟ་གྲུབ་འདི་དབུ་འཕང་མཐོ་རུ་མཐོ་རུ་འགྲོ་རྒྱུ་མ་གཏོགས་རྒུད་རྒྱུ་ཁྱོན་ནས་མི་འདུག ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་དུས་ཚན་རིག་པས་ཚུར་བསྟུན་རྒྱུ་མ་གཏོགས་སངས་རྒྱས་པའི་ལྟ་གྲུབ་ཤེས་མཁན་ཞིག་གིས་ཕར་བསྟུན་དགོས་རྒྱུ་ཧ་ལམ་མེད་པའི་བཟོ་འདྲ་བོ་ཞིག་རེད། ད་ཕམ་ཉེས་གང་བྱུང་བ་རེད་ཅེ་ན་རི་རབ་ཡོད་པ་རེད་ཟེར་རྒྱུ་དེ་ཕམ་ཉེས་བྱུང་བ་རེད། ངོས་ཀྱིས་རི་རབ་ཁས་ལེན་བྱེད་ཀྱི་མེད། རི་རབ་ཡོད་ན་མེད་ན་ཁྱད་པར་གང་ཡང་མི་འདུག རི་རབ་མེད་ནའང་ང་ཚོར་ཉིན་མཚན་ནི་འདུག གཞན་ཡང་། ནམ་ཕྱེད་ཉི་མ་ནུབ་པ་དང་། ཉི་མ་ཕྱེད་དང་འཆར་དུས་གཅིག ཟེར་ནས་ཉི་མ་རི་རབ་ཀྱི་བྱང་ངོས་ལ་སླེབ་སྐབས་ལྷོ་གླིང་འཛམ་གླིང་ལ་མཚན་མོ་ཆགས་ཀྱི་ཡོད་ཅེས་བཤད་ཀྱི་ཡོད། རི་རབ་མེད་ནའང་ཉིན་མཚན་ནི་འདུག ཁྱད་པར་གང་ཡང་མི་འདུག དེ་མིན་སངས་རྒྱས་པའི་གཞུང་ནས་བཤད་པའི་ལྟ་གྲུབ་དེ་དག་འཆད་སྐབས་ཚན་རིག་པ་ཚོ་མགོ་དཀྲུག་ནས་ངོ་མཚར་སྐྱེ་རྒྱུ་ཆགས་ཀྱི་འདུག
འདི་ང་ཚོ་བོད་མི་རིགས་ཀྱི་སྤོབས་པ་བྱེད་རྒྱུ་ཞིག་རེད། ང་ཚོ་མེས་པོ་ཚོས་དེ་ཙམ་སྤུས་དག་པོ་ཞིག་བོད་ཡིག་ནང་བསྒྱུར། ལོ་སྟོང་ཕྲག་རིང་འདི་བདག་པོ་བརྒྱབ་སྟེ་ད་བར་འདི་ལྟར་བསྡད་པ་རེད། འདི་ང་ཚོ་སྤོབས་པ་སྐྱེ་རྒྱུ་ཞིག་རེད་འདུག ང་ཚོ་མི་རིགས་ཀྱི་སྤོབས་པ་སྐྱེ་རྒྱུ་ཞིག་རེད་འདུག ཡི་གེའི་ཆ་ནས་བཤད་པ་ཡིན་ན། རྒྱ་ཡིག་དང་བོད་ཡིག་ལས། བོད་ཡིག་ཧ་ཅང་གི་ཡར་རྒྱས་ཆེ་བ་ཡོད། རྒྱ་ཡིག་ཧ་ཅང་རྙོག་གྲ་ཚ་བོ་རེད། བོད་ཀྱི་མཁས་པ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་སྔ་མོ་དེབ་ཅིག་གི་ནང་བོད་ཡིག་ནི་ཧ་ཅང་སྡོམས་པོ་དང་ཆུན་ཆེན་པོ་རེད་འདུག རྒྱ་ཡིག་ནི་ཧ་ཅང་རྙོག་གྲ་ཚ་བོ་རེད་འདུག ཅེས་བྲིས་འདུག
ཡི་གེ་རང་གི་ཐོག་ནས་རྩི་བ་ཡིན་ནའང་། ང་ཚོའི་བོད་ཡིག་རླབས་ཆེ་བ་ཆགས་ཡོད། ལྷག་པར་བོད་ཡིག་ནང་ཡོད་པའི་བརྗོད་བྱ་དེ་དག་དེང་སྐབས་འཛམ་གླིང་དུས་རབས་ཉི་ཤུ་རྩ་གཅིག་ནང་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་རྒྱུ་ཡོད་པའི་བརྗོད་དོན་ཡོད་པ་ཞིག་ཆགས་འདུག དེར་བརྟེན་ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་མི་རིགས་ཀྱི་སྤོབས་པ་བྱེད་རྒྱུ་རེད་འདུག
ངོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་བཞག་ཚར་བ་རེད། ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་ལས་ཀ་ཆ་ཚང་བཞག་པ་ཡིན། ངས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུར་ངོས་ཀྱིས་ལས་ཀ་བྱེད་ཀྱི་ཡོད། དེ་བཞིན་ཁོར་ཡུག་སྐོར་ལ་ལས་ཀ་བྱེད་ཀྱི་ཡོད། འདི་ཁྱེད་རང་ཚོའི་སེམས་ལ་བཞག དེ་རང་ཡིན། ཟླ་བ་བཅུ་པའི་ནང་ང་ཚོ་ཐུག་ཡོང་། བློ་བདེ་པོ་བྱས་ནས་སྡོད། སྤྱིར་མི་ཚང་མས་འདི་ལྟར་འཆད་ཀྱི་འདུག བོད་པ་ནི་གཤིས་ཀ་ཡག་པོ་དང་སེམས་པ་བཟང་པོ། དྲང་པོ་དྲང་བཞག་བྱེད་མཁན་ཞིག་ཡིན་པ་ཨ་རི་དང་རྒྱ་གར་ཡིན་ནའང་རེད། མང་པོ་ཞིག་གིས་མཐོང་ཚུལ་དེ་འདྲ་ཞིག་ཡོད། འོན་ཀྱང་གཟབ་གཟབ་མ་བྱས་ན་མི་རབས་བརྗེ་བཞིན་བརྗེ་བཞིན་རྐུ་མ་རྐུ་བ་དང་རྒྱག་རེས་རྒྱག་པ་སོགས་བྱས་ཏེ་སུད་སིར་ཕྲུ་གུ་ག་ཚོད་བཙོན་ལ་སོང་བ་རེད། སྔོན་མ་ཞིག་ལ་ཨ་རིའི་ནེའུ་ཡོག་ཏུ་ངས་བོད་པའི་རྣམ་དཔྱོད་སོགས་གང་ལྟར་མི་རིགས་བཟང་པོ་ཞིག་ཡིན་པའི་འགྲེལ་བཤད་བརྒྱབ་ནས་དྲོད་མ་ཡལ་གོང་ལ་ཁོང་ཚོ་གཞོན་པ་ཁ་ཤས་ཀྱིས་ཆང་འཐུང་ནས་རྒྱག་རེས་བྱས་ཏེ་མི་གཅིག་བསད་པ་རེད། ངོས་ཀྱིས་བོད་པ་ཟེར་དུས་ཧ་ཅང་ཡོད་མདོ་མདོག་བྱས། ཁྱེད་རང་ཚོས་གཤམ་ནས་ཞབས་འདྲེན་ངས་ཞུས་པ་ཡིན་ཟེར་རྒྱུ་དེ་འདྲ་མ་བྱེད། ཤེས་སོང་ངམ། ཚང་མས་གཟབ་གཟབ་བྱེད་དགོས། ང་ཚོ་བོད་མི་གཅིག་གིས་བྱ་སྤྱོད་ངན་པ་ལྟ་བུ་བྱས་ནས་མཚན་ཤས་བཟོས་པ་ཡིན་ན། བོད་པ་ཚོ་ཡག་པོ་མི་འདུག་ཟེར་ནས་མཚན་ཤས་སླེབས་ཀྱི་འདུག བོད་པ་གཅིག་གི་ངོས་ནས་ཡིན་ནའང་དྲང་པོ་དྲང་བཞག རྒྱབ་མདུན་ངོ་ལྐོག་མེད་པ། སེམས་པ་བཟང་པོ། དེ་འདྲའི་ཐོག་ཕྱིན་པ་ཡིན་ན་བོད་པ་གཅིག་ཡིན་རུང་བོད་པ་ཚོ་ཡག་པོ་འདུག་ཟེར་བ་ཞིག་ཆགས་གི་རེད།
ནང་ཆོས་ལ་དད་པ་ཙམ་གྱི་ཆ་མ་བཞག་པར་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ནམ་རྒྱུན་ང་ཚོས་མཆོད་པ་ཕུལ་སྐབས། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ།། སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ།། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ།། ཟེར་ནས་འཆད་བཞིན་ཡོད། ཚིག་འདིར་གོ་རྒྱུ་ཆེན་པོ་འདུག སྐྱོབས་པ་བླ་མེད་སངས་རྒྱས་རིན་པོ་ཆེ་ཟེར་གྱི་མིན་འདུག སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ་ཟེར་གྱི་ཡོད། སངས་རྒྱས་ལ་སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ་ཟེར་གྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ནི་ང་ཚོ་ལ་བླངས་དོར་གྱི་གནས་སྟོན་མཁན་སྟོན་པ་རེད་མ་གཏོགས་སྐྱབས་དངོས་དེ་མ་རེད། སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ་ཟེར་ནས་ངོ་ཐོག་སྐྱོབས་མཁན་དེ་དམ་ཆོས་རེད། དམ་ཆོས་ག་རེ་རེད་ཅེ་ན་ལུང་གི་གླེགས་བམ་མགོ་ལ་བཞག་ནས་སྐྱོབས་པའི་སྐད་ཆ་མ་རེད། ལུང་སྡེ་སྣོད་གསུམ་གྱི་ནང་ནས་བཤད་པའི་བསླབ་པ་གསུམ་གྱི་ཉམས་ལེན་བྱས་ཏེ་མཐར་གཏུགས་ཡོང་དུས་ཤེས་རབ་ཀྱི་བསླབ་པ་ལ་བརྟེན་ནས་འགོག་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་ཡོང་དུས་དངོས་གནས་དྲང་གནས་སྤང་བྱ་གང་ཡང་རུང་བ་ཞིག་ནས་གྲོལ་ཡོང་གི་ཡོད་པ་རེད། དེ་སྐྱབས་དངོས་ཆགས་པ་རེད། དེ་འདྲ་ཡིན་དུས་སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ་ཟེར་གྱི་ཡོད།
དེ་འདྲའི་ང་ཚོ་ལ་མིག་དཔེ་ལྟ་ས་ཁ་མིག་ཡར་ལྟ་བྱེད་ས་ཞིག་ལ་དགེ་འདུན་ཆགས་ཡོད་སྟབས། འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ་ཟེར་བའི་ཚིག་དེར་ནུས་པ་ཆེན་པོ་རེད་འདུག སངས་རྒྱས་ཟེར་དུས་ང་ཚོའི་དགེ་རྒན་ནང་བཞིན་རེད། ཆོས་ཟེར་དུས་སྨན་ནང་བཞིན་ང་ཚོ་ངོ་ཐོག་རང་སོ་སོའི་སྡུག་བསྔལ་འཕྲལ་དུ་ཡིན་ནའང་། སེམས་ཀྱི་དཀའ་ངལ་སེལ་བ་དང་སེམས་ཀྱི་དངངས་སྐྲག་སེལ་བ་སོགས་ཆོས་ཀྱི་བསླབ་བྱའི་ཐོག་ནས་ཡོང་གི་ཡོད། དེ་འདྲ་ཡིན་དུས་ཐད་ཀར་དཀའ་ངལ་སེལ་མཁན་དེ་ཆོས་ཆགས་ཀྱི་ཡོད། དགེ་འདུན་མིག་དཔེ་ལྟ་ས་ཆགས་ཡོད། དེ་ཁྱེད་རང་ཚོས་ཤེས་པར་བྱོས། ཞེས་བཀའ་སློབ་སྩལ།།