༢༠༡༠ ཕྱི་ཟླ་ ༥ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ཨིན་ཌི་ཡ་ནའི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཨ་རིའི་མངའ་སྡེ་ཝི་སི་ཀོན་སིན་ (Wisconsin) གྱི་གྲོང་ཁྱེར་མེ་ཌི་སོན་ (Madison) གྱི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཝི་སི་ཀོན་སིན་གཙུག་ལག་སློབ་ཁང་ (Wisconsin University) གི་ཚན་རིག་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌ་ཌེེ་ཝི་ཌ་སོན་ (Dr.Richard Davidson) དང་། ས་གནས་དེར་རྟེན་གཞི་བྱས་པའི་ (Deer Park) ནང་པའི་ཆོས་ཚོགས་ཀྱི་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས།ཝི་སི་ཀོན་སིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་རྗེས་གནམ་ཐང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ (Deer Park) ནང་པའི་ཆོས་ཚོགས་སུ་ཆིབས་སྒྱུར་སྐྱོང་སྐབས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་དང་མང་ཚོགས་བཅས་ནས་ཕེབས་ལམ་དུ་འཚམས་འདྲི་ཞུས་པ་དང་འབྲེལ། བོད་རིགས་ན་གཞོན་ཁག་གཅིག་གིས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་ཞུས་ཏེ་གླུ་གར་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས།
སྐབས་དེར་ཆོས་ཚོགས་ཀྱི་ཚོགས་ཁང་ནང་མགོན་པོ་གང་ཉིད་མཆོག་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། ཕྱི་ཚེས་ ༡༦ ཉིན་ནས་བཟུང་ཝི་སི་ཀོན་སིན་གཙུག་ལག་སློབ་ཁང་དུ་མཛད་འཕྲིན་ཁག་དབུ་འཛུགས་གནང་ཡོད། དེ་ཡང་ལོ་ལྟར་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རོ་ཆེ་སི་ཊར་ (Rochester) ནང་གང་སྐུའི་འཕྲོད་བཞེས་ཐོག་བརྟག་དཔྱད་མཛད་བཞིན་ཡོད་པ་ལྟར་སྐབས་དེར་རྒྱུན་ལྡན་གྱི་སྐུ་གཟུགས་བརྟག་དཔྱད་ཟིན་མཚམས་སྨན་པ་ཚོས་མགོན་པོ་གང་ཉིད་མཆོག་གི་སྐུའི་འཕྲོད་བཞེས་ཧ་ཅང་གསལ་ཐང་ཡིན་པས་ཐུགས་འཚབ་མཛད་དགོས་གང་ཡང་མེད་སྐོར་སྙན་སྒྲོན་ཞུས་འདུག་པ་བཅས།།