༢༠༡༦ ཟླ་ ༣ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མེ་ཡོ་སྨན་ཁང་ནས་ཝི་སི་ཀོན་སིན་མངའ་སྡེའི་རྒྱལ་ས་མེ་ཌི་སོན་གྱི་རི་དྭགས་སྐྱེད་མོས་ཚལ་གྱི་༸རྒྱལ་བའི་ཕོ་བྲང་དུ་༸ཞབས་སོར་འཁོད་སྐབས། བོད་མི་གཙོ་བོར་གྱུར་བའི་དད་ལྡན་མི་གྲངས་ ༣༠༠ ཙམ་གྱིས་ལག་ཏུ་དཀར་གཙང་མཇལ་དར་སོགས་འཁྱེར་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་རྗེས་༸གོང་ས་མཆོག་གིས་ཐོག་མར་རི་དྭགས་སྐྱེད་མོས་ཚལ་ཆོས་ཚོགས་གསར་འཛུགས་གནང་མཁན་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་དམ་པ་ཁོང་གི་སྐུ་གདུང་བཞུགས་ཡུལ་དུ་ཆིབས་སྒྱུར་བསྐྱངས་ནས་ཐུགས་སྨོན་མཛད། དེ་ནས་དེ་སྔོན་ཕྱི་ལོ་ ༡༩༨༡ ལོར་མགོན་པོ་གང་ཉིད་མཆོག་གིས་དུས་འཁོར་དབང་ཆེན་བསྩལ་ཡུལ་གྱི་ལྷ་ཁང་དེར་ཆིབས་སྒྱུར་བསྐྱངས་རྗེས་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་དད་ལྡན་མང་ཚོགས་ ༣༠༠ ཙམ་ལ་བླང་དོར་བཀའ་སློབ་སྩལ།
དེ་ཡང་ཐོག་མར་ཆོས་ཚོགས་ཀྱི་ཆོས་དགེ་གསར་པ་དགེ་བཤེས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུའི་གསུང་བཤད་གནང་སྐབས་༸གོང་ས་མཆོག་སྐུ་འཁོར་ལྷན་རྒྱས་ལ་རི་དྭགས་ཚལ་གྱི་ཆོས་ཚོགས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུ་རྒྱུ་མ་ཟད། གནས་འདིར་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་པ་ནི་ཆོས་ཚོགས་ཀྱི་དགེ་སློབ་ཡོངས་ལ་ཧ་ཅང་སྐལ་བཟང་ཡིན་པར་བརྟེན་སྐུ་ལྷོད་ལྷོད་ངང་བཞུགས་བཞག་མཛད་གནང་ཡོང་བའི་གསོལ་འདེབས་དང་། དགེ་བཤེས་བཟོད་པ་དམ་པ་ཁོང་གི་ཡང་སྲིད་མགྱོགས་མྱུར་མཇལ་བའི་སྨོན་འདུན་ཞུས་འདུག
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་མཆེད་ཕོ་མོ་རྣམ་པ། ངོས་རང་དེ་རིང་འདིར་སླར་ཡང་བཅར་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་། སྤྱིར་དགེ་བཤེས་ལགས་དགོངས་པ་རྫོགས་ཟིན་ཡང་། ད་ཆ་ཁོང་གི་སློབ་མ་ཁྱེད་རྣམ་པས་བླ་མའི་བཀའ་གསུང་ཅི་སྒྲུབ་ཞུ་བཞིན་པ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་། སྟོན་པ་བཅོམ་ལྡན་འདས་དང་ཀླུ་སྒྲུབ་ལ་སོགས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱང་༸ཞལ་བཞུགས་མེད་ཀྱང་༸རྒྱལ་བའི་གསུང་རབ་རྣམས་ལོ་ ༢༠༠༠ ལྷག་གི་རྗེས་སུའང་མ་ཉམས་པར་གནས་ཡོད། ངོས་རང་བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པའི་རྗེས་འབྲང་པ་ཞིག་ཡིན་པའི་ངོས་ནས་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་བསམས་པའི་སྤོབས་པ་ཡོད་པ་མ་ཟད། ཀླུ་སྒྲུབ་ཀྱི་རྗེས་འབྲང་པ་ཞིག་ཡིན་བསམས་པའི་སྤོབས་པའང་ཡོད། སྐྱེས་ཆེན་དམ་པ་དང་ཁྱད་དུ་འཕགས་པའི་ལྟ་གྲུབ་དང་རིག་པ་སྨྲ་བའི་སློབ་དཔོན་དེ་དག་གིས་བཅོམ་ལྡན་འདས་ཀྱིས་གང་གསུང་པར་ཆ་མ་བཞག་པར་༸རྒྱལ་བའི་བཀའ་ལ་དཔྱད་གསུམ་རྣམ་པར་དག་པའི་སྒོ་ནས་དག་ཐེར་མཛད་ཡོད།
སྟོན་པ་རང་ཉིད་ནས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་ཡོད། དེར་བརྟེན་མགོན་པོ་ཀླུ་སྒྲུབ་དང་ཟླ་བ་གྲགས་པ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད་སོགས་ཀྱིས་དེ་ལྟར་མཛད་ཡོད། ཕྱོགས་མཚུངས་ངོས་ནས་ཀྱང་འདས་པའི་མི་ལོ་ ༣༠ རིང་དེང་དུས་ཚན་རིག་པ་དང་ལྷན་བགྲོ་གླེང་བྱས་པ་ཡིན། དེའི་ཁོངས་ནས་དེ་རིང་རང་གི་ཆུང་མ་ལྷན་འདིར་ཕེབས་པའི་ཚན་རིག་པ་རི་ཆི་ཌེ་ཝི་ཌི་སོན་ལགས་ཁོང་ཡིན། ཁོང་གི་སར་ནས་ངོས་ཀྱིས་ཤེས་བྱ་མང་པོ་ཤེས་བྱུང་། ཁོང་ནི་ནཱ་ལེནྡྲའི་སློབ་གཉེར་བ་བཞིན་དཔྱད་པ་གནང་ནས་ཕེབས་མཁན་ཞིག་རེད། ངོས་རང་ཡང་དེ་མཚུངས་ཡིན་སྟབས་རིའི་རྒྱལ་པོ་རི་རབ་དང་འཛམ་གླིང་ལེབ་ལེབ་སོགས་ཁས་ལེན་བྱེད་ཀྱི་མེད།
དེར་བརྟེན་མཁན་པོ་དང་མཁས་པ་འགའ་ཤས་ཀྱི་ཐུགས་ལ་མ་བབ་པ་དེ་འདྲའང་ཡོང་བཞིན་ཡོད། ༸རྒྱལ་བའི་བཀའ་དང་ལྷག་པར་དུ་དཔལ་ན་ལེནྡྲའི་བཞེད་སྲོལ་དེ་དག་གཙོ་བོ་རྒྱུ་མཚན་ལ་གཞི་བཅོལ་ནས་ཕེབས་ཀྱི་ཡོད། སྐབས་ཤིག་ན་ལེནྡྲ་ཞེས་བརྗོད་སྐབས་ལོ་ངོ་བརྒྱ་ཕྲག་རིང་ནས་ནང་ཆོས་སློབ་གཉེར་གནང་ཡུལ་གྲགས་ཅན་ཞིག་ལ་ངོས་འཛིན་གནང་བ་བྱུང་ཡོད།
འོན་ཀྱང་ད་ཆ་གྱང་རོ་ཆགས་ཚར་བ་རེད། རྒྱ་ནག་ནང་དུ་ནང་ཆོས་དར་བ་དེ་ཡང་ནཱ་ལེནྡྲ་ནས་དར་བ་ཞིག་རེད། འོན་ཀྱང་ཞི་འཚོ་ཡབ་སྲས་དང་། ཕྱོགས་གླང་དང་ཆོས་གྲགས་ཀྱི་ཚད་མའི་གཞུང་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་བོད་པ་ཁོ་ན་རེད། དེང་སྐབས་གཞུང་དེ་དག་བོད་སྐད་ནང་བསྒྱུར་བ་ཙམ་མ་ཟད། འཆད་ཉན་ཡང་མུ་མཐུད་ནས་བྱེད་བཞིན་ཡོད། དགེ་བཤེས་བཟོད་པ་དམ་པ་ཁོང་ཡང་གཞུང་ལུགས་དེ་དག་ལ་སློབ་གཉེར་གནང་བའི་བོད་ནས་བྲོས་བྱོལ་དུ་ཕེབས་པའི་མཁས་དབང་ཞིག་རེད། ཕྱིས་སུ་རྒྱ་གར་ནང་གདན་ས་ཁག་སླར་གསོ་བྱ་རྒྱུའི་ལས་འགན་ཐོག་ཧུར་ཐག་གནང་ཡོད། ད་ཆ་གདན་ས་དེ་དག་ནང་སློབ་གཉེར་གནང་མཁན་དགེ་འདུན་ཁྲི་ཕྲག་ཡོད། ལྷག་པར་དེང་སྐབས་ནང་པའི་གཞུང་ནས་གསུང་པའི་རིགས་ལམ་གྱི་རྣམ་གཞག་དེ་དག་དང་བློའི་འགྲོ་སྟངས་སྐོར་ལ་དོ་སྣང་ཧ་ཅང་བྱས་པ་ཙམ་དུ་མ་ཟད། རྣམ་གཞག་དེ་དག་དེང་དུས་ཤེས་ཡོན་གྱི་ལམ་སྲོལ་ལྟར་སློབ་གཉེར་བྱ་རྒྱུའི་སྲོལ་དར་བཞིན་ཡོད།
དེ་སྔ་ཕྱི་ལོ་ ༡༩༥༩ གོང་བོད་བརྒྱུད་ནང་བསྟན་བརྗོད་སྐབས་བླ་མའི་ཆོས་རེད། ཟེར་ནས་ནང་ཆོས་གཤའ་མ་ཞིག་མིན་པའི་མཐོང་ཕྱོགས་ཤིག་ཡོད། དེ་ནས་རིམ་བཞིན་མི་ཚོས་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་བྱེད་འགོ་བཙུགས་རྗེས་ཀླུ་སྒྲུབ་དང་ཕྱོགས་གླང་གི་གཞུང་ལ་སློབ་གཉེར་བྱེད་དགོས་ན་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་རྒྱག་དགོས་པ་ཤེས་རྟོགས་ཐུབ་ཡོད། ངོས་ནས་ཀྱང་བོད་བརྒྱུད་ནང་བསྟན་འདི་ལེགས་སྦྱར་ལ་ཁུངས་གཏུགས་ཀྱི་ཡོད་པ་ར་སྤྲོད་ཡོང་སླད་འབད་བརྩོན་གང་ཙམ་བྱས་པ་ཡིན། དེང་སྐབས་སུ་མཚོན་ན། སྤྱིར་ཨ་མི་རི་ཀ་ཡུལ་འདི་སྲོལ་རྒྱུན་ནས་ནང་པའི་རྒྱལ་ཁབ་གཅིག་མ་རེད། མི་ཚོས་རིམ་བཞིན་ནང་པའི་ལྟ་གྲུབ་དང་བློའི་རྣམ་གཞག་གི་འགྲོ་སྟངས་ལ་དོ་སྣང་ཞིག་བསླེབས་ཡོང་སྐབས་ཆོས་ཚོགས་ཆུང་ཆུང་དེ་འདྲ་གཞི་ནས་ཚུགས་བཞིན་ཡོད།
འོན་ཀྱང་ཕྱག་མཆོད་འབུལ་བྱེད་ཡུལ་ཙམ་མིན་པར་ཤེས་ཡོན་སློབ་སྦྱོང་གི་བསྟི་གནས་ཁང་ལྟ་བུ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དགོན་པ་དང་ལྷ་ཁང་གི་དཀོན་གཉེར་ཚོས་ཀྱང་ལྷ་ཁང་ནང་གང་མཇལ་རྒྱུ་ཡོད་པ་དེ་དག་འགྲེལ་བཤད་རྒྱག་ཐུབ་པ་དགོས་ཞེས་ངོས་ཀྱིས་ལ་དྭགས་ཀྱིས་གཙོས་ཧི་མཱ་ལ་ཡི་ས་ཁུལ་ཁག་ལའང་དེ་འདྲ་འབོད་སྐུལ་ཞུ་བཞིན་ཡོད། དགོན་པ་ཆུང་ཆུང་དེ་ཚོའང་ཤེས་ཡོན་གྱི་བསྟི་གནས་ཁང་བཟོ་ཐུབ་རྒྱུ་རེད། འདིར་མཚོན་ན་དགེ་བཤེས་ལགས་དམ་པ་ཁོང་གིས་ཐུགས་འཁུར་ལ་བརྟེན་ནས་བསྟི་གནས་ཁང་འདི་ལྟ་བུ་ཞིག་འཛུགས་ཐུབ་པ་བྱུང་ཡོད། ནང་པའི་གཞུང་ལས་བློའི་རྣམ་གཞག་དེ་དག་ཚད་མ་རྣམ་འགྲེལ་དང་ཆོས་མངོན་པ་མཛོད་ལས་གསུངས། དེ་རྣམས་གཙོ་བོ་མདོ་སྡེ་པ་དང་སེམས་ཙམ་པའི་ལུགས་ཡིན། རིགས་ལམ་སློབ་དཔོན་གྱི་རྒན་བློ་བཟང་རྒྱ་མཚོ་དོལ་རྒྱལ་ཚོགས་མིས་བཀྲོངས་པ་ཁོང་གིས་བློ་རིགས་གོང་མ། ཞེས་པ་བརྩམས་ཡོད། བརྩམས་ཆོས་དེའི་ནང་ཁོང་གིས་མགོན་པོ་ཀླུ་སྒྲུབ་དང་རྗེ་ཙོང་ཁ་པའི་གཞུང་ལས་བཏུས་ཏེ། དབུ་མ་ཐལ་འགྱུར་པའི་ལུགས་ཡིན། གཞུང་དེ་དག་རྒྱ་གར་སྲོལ་རྒྱུན་གྱི་བློའི་རྣམ་གཞག་སྐོར་རེད། སྔ་མོ་བོད་ལ་ཡིན་ན་ནང་ཆོས་ཟེར་དུས་གྲྭ་པ་གཅིག་པུས་བྱེད་རྒྱུ་ལྟ་བུར་ངོས་འཛིན་བྱེད་སྲོལ་ཡོད། འོན་ཀྱང་ད་ཆ་བཙུན་མ་དང་མི་སྐྱ་ཚོས་ཀྱང་ནང་ཆོས་བྱེད་བཞིན་ཡོད། ཅེས་བཀའ་སློབ་སྩལ།
དེ་ཡང་༸གོང་ས་མཆོག་གིས་ཕྱི་ཚེས་ ༨ ཉིན་མེ་ཌི་སོན་མེ་སོ་ནིག་ཚོགས་ཁང་ཆེན་མོའི་ནང་ Madison Masonic Center དུ་ཝི་སི་ཀོན་སིན་ས་གནས་བོད་རིགས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་མ་ཟད། ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་གིས་རང་གཞན་རོགས་གསུམ་ལ་ཕན་པའི་ལྷག་བསམ་གྱི་ཀུན་སློང་རང་རྒྱུད་ལ་སྐྱེ་ཐབས་སྐོར་བགྲོ་གླེང་མཛད་རྒྱུ་ཡིན་འདུག །