༢༠༡༠ ཕྱི་ཟླ་ ༥ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཨིན་ཌི་ཡ་ན་མངའ་སྡེའི་གྲོང་ཁྱེར་བུ་ལུ་མིང་ཊོན་དུ་རྟེན་གཞི་བྱས་པའི་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་། སྐུ་འབུམ་བྱམས་བརྩེ་གླིང་ཆོས་ཚོགས་ནང་སྔ་དྲོ་ཐོག་མར་ཆོས་ཚོགས་གཙོ་འཛིན་ཨཀྱཱ་རིན་པོ་ཆེ་མཆོག་དང་བླ་སྤྲུལ་ཁག་གཅིག གཞན་ཡང་དགེ་འདུན་པ་མི་ཉུང་བ་བཅས་ཚང་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐོག་མར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་བསྟུན་མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་ནང་ཆོས་ལ་དམིགས་བསལ་གྱི་དོ་སྣང་བྱེད་དགོས་པ་དང་། ཆོས་ཚོགས་ཀྱིས་མི་མང་ཚོར་ཚད་མ་རིག་པའི་སློབ་ཁྲིད་ཀྱི་འཛིན་གྲྭ་ཞིག་གོ་སྒྲིག་ཞུ་ཐུབ་ན་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ལས་རིགས་འདྲ་མིན་ཇི་འདྲ་ཞིག་ནང་ལས་ཀ་བྱེད་བཞིན་པ་ཚང་མར་ཕན་ཐོགས་ཡོད་སྐོར་བཀའ་སྩལ། དེ་བཞིན་ཆོས་ཚོགས་ནང་ནང་ཆོས་སློབ་སྦྱོང་བྱེད་རྒྱུར་གྲྭ་པ་མིན་པའི་སོག་རིགས་དང་བོད་རིགས། དེ་བཞིན་ཧི་མཱ་ལ་ཡའི་མི་རིགས་སོགས་གང་མང་འཛུལ་ཞུགས་བྱ་རྒྱུའི་འབད་བརྩོན་གནང་དགོས་སྐོར་བཀའ་སྩལ།
དེ་བཞིན་ཨ་རིའི་ནང་སྐུ་འབུམ་བྱམས་བརྩེ་གླིང་ཆོས་ཚོགས་དབུ་བཙུགས་གནང་མཁན་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་དམ་པ་དེ་ཉིད་ཀྱི་ཡང་སྲིད་ཕེབས་ངེས་ཡིན་པ་དང་། ༸གོང་ས་སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གིས་སྟག་འཚེར་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་རྩད་གཅོད་ཐོག་མཛད་ཁུར་ཇི་ལྟར་བཞེས་ཚུལ་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་ལའང་སྟག་འཚེར་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་མཛད་རྒྱུའི་ཐུགས་འགན་ཡོད་སྐོར་བཀའ་སྩལ། དེ་རྗེས་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་བ་དང་སྦྲགས་མགོན་པོ་གང་ཉིད་མཆོག་གིས་བོད་ཀྱི་གནད་དོན་སེལ་རྒྱུར། དབུ་མའི་ལམ་གྱི་བཞེངས་ཕྱོགས་དེར་ཆོད་སེམས་བརྟན་པོ་འཆང་གནང་མཛད་བཞིན་ཡོད་པ་དང་། འོན་ཀྱང་རྒྱལ་རབས་ལོ་རྒྱུས་ཀྱི་ཆ་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་སྐོར་བཀའ་སྩལ་གྲུབ་མཚམས་ཁལ་མུཀ་ནང་པའི་དད་ལྡན་སེར་སྐྱ་མི་མང་ཁག་གཅིག་ལ་མཇལ་ཁ་སྩལ། དེ་རྗེས་༸གོང་ས་མཆོག་གིས་ཨིན་ཌི་ཡ་ནའི་གཙུག་ལག་སློབ་ཁང་གི་ཚོགས་ཁང་ཆེན་མོའི་ནང་ཤེས་རབ་སྙིང་པོའི་ཆོས་འབྲེལ་དབུ་འཛུགས་མཛད་པའི་ཐོག་མར་ལེགས་སྦྱར་དང་རྒྱ་སྐད་ནང་ཤེས་རབ་སྙིང་པོ་གསུང་འདོན་གནང་།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་རྣམས་ནས་རང་གི་ཆོས་ལུགས་ཙམ་མིན་པར་ཆོས་ལུགས་གཞན་ལའང་གུས་བརྩི་ཞུ་རྒྱུའི་བསམ་བློའི་དམང་གཞི་སྐྲུན་སླད་ཆོས་ལུགས་སྤྱི་ཡོངས་ཀྱི་ལས་འགན་ངོ་སྤྲོད་མཛད་དོན། ང་ཚོས་རང་གི་ཆོས་ལུགས་ལ་དད་མོད་ཐོག་ཆོས་ལུགས་གཞན་ལའང་གུས་བརྩི་ཞུ་དགོས། དེ་ལྟར་ཡོང་བ་ལ་ཆོས་ལུགས་གཞན་གྱི་གནད་དོན་རྟོགས་དགོས་ཞེས་སོགས་ཀྱི་བཀའ་སློབ་གྲུབ་མཚམས་ཤེས་རབ་སྙིང་པོའི་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མཛད། ཉིན་གུང་ལྗགས་སྨིན་གྲུབ་བསྟུན་ཨིན་ཌི་ཡ་ན་གཙུག་ལག་སློབ་གྲྭའི་ཚོགས་གཞོན་མཆོག་དང་གཞན་ཡང་འབྲེལ་ཡོད་མི་སྣ་ཚོར་མཇལ་འཕྲད་མཛད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་རྒྱབ་བཀའ་ཆོས་དབུ་འཛུགས་མ་མཛད་གོང་། ནང་པ་དང་ཁ་ཆེའི་ཆོས་ལུགས་དབར་གྱི་འབྲེལ་བའི་སྐོར་གྱི་ (Common Ground between Islam and Buddhism) དཔེ་དེབ་གསར་པ་ཞིག་དབུ་འབྱེད་མཛད། དཔེ་དེབ་རྩོམ་པ་པོ་སྐུ་ཞབས་རེ་ཛ་ཤཱ་ཀ་ཛེ་མི་ལགས་ཀྱིས་དཔེ་དེབ་དེ་འདྲ་ཞིག་རྩོམ་བྲིས་བྱས་པའི་རྒྱབ་ལྗོངས་ནི། དེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཇོར་ཌན་ (Jordan) གི་རྒྱལ་སྲས་སྐུ་ཞབས་གྷ་ཛི་བྷིན་མུ་ཧཱ་མ་ཐ་མཆོག་མཇལ་འཕྲད་སྐབས་དབུ་ཁྲིད་རྣམ་གཉིས་ཀྱིས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་མོལ་ལྷུག་པོ་བྱུང་ཡོད་པའི་གནད་དོན་དེ་ཡིན་འདུག དཔེ་དེབ་རྩོམ་པ་པོ་སྐུ་ཞབས་རེ་ཛ་ཤཱ་ཀ་ཛེ་མི་ལགས་ནི་ཁ་ཆེའི་ཤེས་བྱ་ཀུན་བསྡུས་ (Encyclopaedia Islamica) ཞེས་པའི་རྩོམ་སྒྲིག་གི་འགན་འཛིན་ཡིན་འདུག དཔེ་དེབ་དེའི་སྔོན་གླེང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དཔེ་དེབ་འདི་ཁ་ཆེའི་ཆོས་ལུགས་དང་ནང་ཆོས་གཉིས་དབར་ཐུན་མོང་གི་ལངས་ཕྱོགས་ཤིག་འཚོལ་ཞིབ་བྱ་རྒྱུའི་དཔེ་དེབ་གལ་ཆེན་པོ་དང་མིག་དཔེ་གསར་པ་ཞིག་ཆགས་ཡོད། ཐུན་མོང་གི་ལངས་ཕྱོགས་དེའི་འོག་ཆོས་ལུགས་གཉིས་པོའི་རྗེས་འཇུག་ཚོས་ཐབས་ལམ་མི་འདྲ་བའི་ཐོག་ནས་ཆོས་ལུགས་གཉིས་པོའི་དོན་དམ་གྱི་ཐོབ་ཆ་མཐར་ཐུག་འཐོབ་རྒྱུར་འཇུག་བཞིན་པའི་གནས་སྟངས་དེར་དངས་བ་འདྲེན་ཐུབ། དེའི་ཐོགས་ནས་ཆོས་ལུགས་ཕན་ཚུན་ཡིད་ཆེས་དང་ཉམས་ལེན་ལ་གུས་བརྩི་ཞུ་རྒྱུའི་བསམ་བློའི་རྨང་གཞི་བསྐྲུན་ཐུབ། དེ་སྔ་དེ་འདྲ་ཡང་སེ་བྱུང་མ་མྱོང་བ་ནི་ཆོས་ལུགས་གཉིས་པོ་ཕན་ཚུན་དོན་དངོས་ཀྱིས་བསམ་ཤེས་བྱ་རྒྱུའི་གོ་སྐབས་ཧ་ཅང་ཉུང་ཉུང་བྱུང་ཡོད། དེབ་འདིས་དེ་འདྲ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ཅེས་སོགས་འཁོད་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་༸ཞབས་སོར་བཀྲིན་སྐྱོང་སྐབས་ཁ་ཆེ་དང་ནང་པའི་དབར་གྱི་མཐུན་ཕྱོགས། ཞེས་པའི་དཔེ་དེབ་འགྲེམས་སྤེལ་ཞུ་མཁན་ (Fonts Vitae) ཞེས་པའི་དཔེ་དེབ་ཚོང་ལས་ཁང་གི་ལྕམ་ར་ཇི་ནི་ཡ་ལགས་ཀྱིས་ཁོང་ཚོའི་དཔེ་དེབ་ཚོང་ལས་ཁང་ནས་དཔེ་དེབ་དེ་འདྲ་ཞིག་པར་འགྲེམས་ཞུ་རྒྱུ་བྱུང་བར་དགའ་ཚོར་བྱུང་ཚུལ་དང་། དཔེ་དེབ་ཚོང་ལས་ཁང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་གཞན་དང་མཐུན་སྒྲིལ་ཤུགས་ཆེ་མཛད་བཞིན་ཡོད་པ་དང་། ལྷག་པར་ཁ་ཆེའི་ཆོས་ལུགས་དང་མཛའ་འབྲེེལ་དམ་ཟབ་ཡོད་པ་བཅས་རྒྱུས་མངའ་ཡོད་པར་བརྟེན་བོད་ནང་ཁ་ཆེའི་ཆོས། (Islam in Tibet) ཞེས་པའི་དེབ་གཅིག་དང་། གཞན་ཡང་ལྷ་སའི་རྒྱན། ཞེས་པ་དང་། བོད་ནང་ཁ་ཆེའི་ཆོས། ཞེས་པའི་བརྙན་འཕྲིན་ཞིག་ཀྱང་འགྲེམས་སྤེལ་ཞུ་རྒྱུའི་བློ་སྤོབས་སྐྱེད་བྱུང་ཞེས་གསུངས་པ་མ་ཟད། ཁོ་མོས་ད་དུང་ཇོར་ཌན་རྒྱལ་སྲས་རང་ཉིད་ལྷན་བཅར་ཞུ་ཐུབ་མེད་ཀྱང་ཁོང་གིས་བཏང་བའི་ཕྱག་བྲིས་ཤིག་བཀླགས་ཡོད།
སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་དོན། ངོས་རང་ཧ་ཅང་དགའ་པོ་བྱུང་། ལོ་མང་རིང་ལྷག་བསམ་རྣམ་དག་ཐོག་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ཤིག་རེད། ངོས་རང་ཆོས་ལུགས་གཞན་གྱི་རྗེས་འབྲང་པ་ཚོ་དང་མཐུན་ལམ་གང་ཙམ་བྱུང་རྗེས་ཆོས་ལུགས་དེ་དག་ཕྱི་ཚུལ་ཙམ་ལ་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་དེ་དག་གི་ནང་བྱམས་པ་དང་། བརྩེ་བའི་བསླབ་བྱ་ཡོད་པ་ཚང་མ་གཅིག་མཚུངས་ཤིག་ཆགས་ཡོད་པའི་ངེས་པ་བརྟན་པོ་བརྙེད་བྱུང་། ཆོས་ལུགས་ཚང་མར་འཛམ་གླིང་འདིའི་སྟེང་བདེ་སྐྱིད་བསྐྲུན་རྒྱུའི་ནུས་པ་ལྡན་ཡོད། ལྷ་སར་ཁ་ཆེ་སྟོང་ཕྲག་འགའ་ཤས་ཡོད་པ་ཚང་མ་འཁྲུག་རྩོད་བརྒྱབ་པའི་ལོ་རྒྱུས་དེ་འདྲ་གང་ཡང་མེད་པར་ཞི་འཇམ་ལྡན་པ་ཤ་སྟག་ཡིན། དེ་ནི་བོད་མི་ཚོ་དང་ངོས་རང་བྱིས་པའི་སྐབས་ཀྱི་མཐོང་ཚུལ་རེད་ཅེས་བཀའ་སྩལ་བ་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་བྱིས་པའི་སྐབས་ཨམ་ཕྲག་ཆུ་ཚོད་ཡང་སེ་འཕྲོ་བརླག་ཤོར་བར་བརྟེན་ལྷ་སར་ཡོད་པའི་ཁ་ཆེ་ཆུ་ཚོད་བཟོ་མཁན་དེ་ཡང་ཡང་འབོད་ཀྱི་ཡོད་པ་དང་། ཁ་ཆེ་ཆུ་ཚོད་བཟོ་མཁན་དེས་༸གོང་ས་མཆོག་ལ་ཨམ་ཕྲག་ནང་ཆུ་ཚོད་ཡོད་མཁན་སུ་ཡིན་རུང་རང་གི་ཨམ་ཧྲག་ནང་དུ་སྒོ་ང་ཉར་ཡོད་བསམ་པ་དྲན་དགོས་པའི་བསླབ་བྱ་བརྒྱབ་སྐོར་ཡང་ཐུགས་དྲན་གསོ་མཛད། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་ཟླ་བ་ ༡༡ ཚེས་ ༡༡ ཉིན་ཨ་རིའི་ནང་དོན་རྐྱེན་དེ་བྱུང་རྗེས་ཁ་ཆེ་ཚང་མ་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པའི་ལྟ་ཚུལ་དེ་དྲང་བདེན་ཞིག་མིན་པའི་དགོངས་བཞེས་མཛད་ཀྱི་ཡོད་པ་དང་། ཚུལ་མིན་བྱ་སྤྱོད་སྤེལ་མཁན་གྱི་སྐྱེ་བོ་རེ་ཟུང་ཆོས་ལུགས་ཚང་མའི་ནང་ཡོད་པ་མ་ཟད། སངས་རྒྱས་ཞལ་བཞུགས་སྐབས་སུའང་ཚུལ་མིན་བྱ་སྤྱོད་སྤེལ་མཁན་ནང་པ་དེ་འདྲ་ཡོད་པ་དང་། ཁ་ཆེའི་ཆོས་ལུགས་ཀྱི་མིང་ཁྱེར་ནས་བློ་ཕམ་སྐྱེ་རྒྱུའི་ལས་གཞི་སྤེལ་མཁན་དེ་འདྲ་ཡོད་པ་དེ་ཚོས་སྤེལ་བའི་བྱ་སྤྱོད་ཀྱིས་ཁ་ཆེའི་ཆོས་ལུགས་དང་རིག་གཞུང་གི་ངོ་བོ་གང་ཡང་མཚོན་མི་ཐུབ་ཅེས་བཀའ་སྩལ།
དེ་བཞིན་༸གོང་ས་མཆོག་གིས་ཨ་རིའི་ནང་དོན་རྐྱེན་དེ་བྱུང་བའི་རྗེས་སུ་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཇི་འདྲ་ཞིག་ནང་ལྷན་ཞུགས་མཛད་ནའང་ཁ་ཆེའི་ཆོས་ལུགས་ལ་རྒྱབ་སྐྱོར་མཛད་ཀྱི་ཡོད་པ་དང་། ཁ་ཆེའི་ཆོས་ལུགས་དེ་འཛམ་གླིང་ནང་ཆོས་ལུགས་གལ་གནད་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ༸གོང་ས་མཆོག་གིས་ཁ་ཆེའི་ཆོས་གྲོགས་ཚོ་དང་ལྷན་གང་མང་ཐུག་འཕྲད་བྱ་རྒྱུའི་ཐུགས་བརྩོན་མཛད་བཞིན་ཡོད་པ་མཟད། མགོན་པོ་གང་ཉིད་མཆོག་གིས་ཨ་རིའི་མངའ་སྡེ་སེན་ཕེར་སེ་སི་ཁོའི་ནང་ཁ་ཆེའི་ཡུལ་གྲུ་ཚང་མ་ནས་སྐུ་ཚབ་ཕེབས་པའི་ཚོགས་འདུ་ཞིག་སྐབས་གལ་ཏེ་ཁ་ཆེའི་མིང་འཁྱེར་ནས་མི་གསོད་ཁྲག་སྦྱོར་གྱི་ལས་རིགས་དེ་འདྲ་བྱུང་ཚེ་ཁ་ཆེའི་ཚོགས་པ་དེ་ཚོས་དེར་གདོང་ལེན་བྱེད་དགོས་། གང་ཡིན་ཟེར་ན་ལས་རིགས་དེ་དག་བཟང་སྤྱོད་དང་འགལ་བ་ཞིག་ཡིན་སྐོར་བཀའ་སྩལ་མཛད་པ་ཞིག་ཐུགས་དྲན་གསོ་མཛད་ཡོད། དེ་བཞིན་མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁ་ཆེའི་ལྷ་ཁང་ཆེ་ཤོས་ནང་ཆིབས་སྒྱུར་བསྐྱངས་ཏེ་དབུ་ལ་ཁ་ཆེའི་ཞྭ་མོ་དང་། ཕྱག་གཉིས་ཁ་ཆེའི་སྨོན་ལམ་གྱི་ཕྱག་རྒྱ་མཛད་ནས་ཐུགས་སྨོན་མཛད་ཡོད་པའི་སྐུ་དཔར་ཁག་ཕྱི་ཉིན་ཡོངས་གྲགས་གསར་ཤོག་ཚང་མའི་ནང་ཐོན་ཡོད་པར་བརྟེན། མགོན་པོ་གང་ཉིད་མཆོག་ཐོག་མའི་ཆར་ཧིན་ཌུའི་ཆོས་ལུགས་ཀྱི་ལྟ་གྲུབ་མཁྲེགས་པོར་འཛིན་མཁན་གྱི་རྗེས་འབྲང་པ་ཚོས་རྣམ་འགྱུར་ཇི་འདྲ་ཞིག་སྟོན་ཡོང་བསམ་པའི་ཐུགས་འཚབ་ཕྲན་བུ་བྱུང་ཡོད་ཀྱང་། རྗེས་སུ་ཁ་ཆེའི་ལྷ་ཁང་དེར་ཐུགས་སྨོན་མཛད་པ་དེས་ཧིན་ཌུའི་སྤྱི་ཚོགས་ནང་མཐོང་ཚུལ་ཧ་ཅང་ལེགས་པོ་བྱུང་ཡོད་པ་མཁྱེན་རྟོགས་བྱུང་ཡོད་སྐོར་བཀའ་སྩལ། དེ་བཞིན་༸གོང་ས་མཆོག་གིས་ཁ་ཆེ་ཡང་རྒྱ་གར་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། ༸གོང་ས་མཆོག་གིས་ཁ་ཆེའི་ལྷ་ཁང་ནང་ཐུགས་སྨོན་མཛད་པའི་སྐུ་དཔར་དེས་ཁ་ཆེ་དང་ཧིན་ཌུའི་ཆོས་ལུགས་གཉིས་པོ་ཏོག་ཙམ་ཐག་ཉེ་རུ་སོང་བར་བརྟེན། ཧིན་ཌུ་ཚོས་དེར་བསྔགས་བརྗོད་བྱེད་ཀྱི་ཡོད་སྐོར་བཀའ་སྩལ།
དེ་བཞིན་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཇོར་ཌན་ལ་ཐོག་མར་ཆིབས་སྒྱུར་སྐྱོང་སྐབས་ཇོར་ཌན་རྒྱལ་སྲས་དང་སེམས་ཐག་ཉེ་པོ་ཆགས་ཡོད་པ་དང་། དེ་བཞིན་ཇོར་ཌན་རྒྱལ་པོ་ཡང་ལོ་ན་གཞོན་པའི་གང་ཟག་ནུས་ལྡན་ཞིག་ཡིན་སྐོར་བཀའ་སྩལ། ཁ་ཆེ་མིན་པའི་སྤྱི་ཚོགས་ཀྱིས་ཁ་ཆེའི་སྤྱི་ཚོགས་དང་འབྲེལ་ལམ་ཡོང་རྒྱུར་འབད་བརྩོན་ཆེ་ཙམ་གནང་དགོས་པའི་འབོད་སྐུལ་མཛད་པ་དང་། མཐའ་དོན་མགོན་པོ་གང་ཉིད་ཀྱིས་མང་ཚོགས་ལ་དཔེ་དེབ་དེ་ཀློག་པ་ཙམ་མ་ཟད་ཉོ་རོགས་ཞེས་འབོད་སྐུལ་ཡང་མཛད་ཡོད་པ་བཅས།