༢༠༡༦ ཟླ་ ༢ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༤ ཉིན་ཏཱ་ལའི་བླ་མའི་དྲ་རྒྱའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདས་པའི་གཟའ་མཇུག་ཉིན་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་རྒྱལ་ས་མིན་ཡ་ན་པོ་ལི་སི་ཀོན་ཝེན་ཤེན་ཚོགས་ཁང་ཆེན་མོའི་ནང་དུ་མི་གྲངས་ ༣༠༠༠ ལ་བླང་དོར་བཀའ་སློབ་སྩལ་གནང་མཛད་པ་ལྟར། ཕྱི་ཟླ་ ༣ ཚེས་ ༩ ཉིན་ཝི་སི་ཀོན་སིན་ Wisconsin མངའ་སྡེའི་རྒྱལ་ས་མེ་ཌི་སོན་ Madison ནང་དུའང་དེ་མཚུངས་མང་ཚོགས་ལ་བཀའ་སློབ་སྩལ་གཏན་འཁེལ་ཡོད་པ་ཏཱ་ལའི་བླ་མའི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག
དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༩ རེས་གཟའ་ཟླ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནི་ནི་སོ་ཊ་མངའ་སྡེའི་རུ་ཆི་སི་ཊར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་སེན་མེ་རི་སྨན་ཁང་ Saint Marys Hospital དུ་མེ་ཡོ་སྨན་ཁང་གི་ Mayo Clinic སྨན་པ་དང་སྨན་ཞབས་པ་སོགས་ལ་འཕྲོད་ལས་ཐོག་བྱམས་བརྩེའི་ཉམས་ལེན་གྱི་གལ་གནད་ Compassion in health care སྐོར་བླང་དོར་བཀའ་སློབ་སྩལ་རྒྱུ་ཡིན་པ་དང་། དེ་ཡང་གོང་སྨྲོས་བརྗོད་གཞིའི་ཐོག་བགྲོ་གླེང་གི་ཚུལ་དུ་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད་པ་སྨན་ཁང་གིས་ངོས་ལེན་གནང་འདུག་པ་མ་ཟད། སྐབས་དེར་མེ་ཡོ་སྨན་ཁང་གི་ཚོགས་གཙོ་དང་འཛིན་སྐྱོང་འགན་འཛིན་གཅིག་ལྕོགས་ཡིན་པ་སྐུ་ཞབས་ཇོན་ནུ་སི་ཝོར་དི་མཆོག་ CEO John Noseworthy གིས་ཐོག་མར་ཚོགས་བཅར་བ་རྣམས་ལ་བགྲོ་གླེང་ཚོགས་འདུ་ངོ་སྤྲོད་གནང་གཏན་འཁེལ་འདུག བགྲོ་གླེང་ལྷན་ཚོགས་དེ་གཙོ་སྐྱོང་ཞུ་མཁན་བརྙན་འཕྲིན་དང་རླུང་འཕྲིན་ལས་རིམ་གཙོ་སྐྱོང་གནང་མཁན་ལྕམ་ཁེ་ཐི་ཝུར་ཛར་ Cathy Wurzer ལགས་ཡིན་འདུག ལས་རིམ་དེར་མང་ཚོགས་བཅར་རྒྱུའི་གོ་སྐབས་མེད་ཀྱང་ཏཱ་ལའི་བླ་མའི་དྲ་རྒྱའི་ཐོག་ནས་གཟིགས་ཐུབ་རྒྱུ་རེད་འདུག