༢༠༡༦ ཟླ་ ༢ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༡ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་མི་ནེ་སོ་ཊའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གསོལ་འདེབས་ཞུས་པ་ལྟར། (Minneapolis Convention Center) ཞེས་པའི་ཚོགས་ཁང་དུ་ཆིབས་སྒྱུར་བཀའ་དྲིན་ཆེ་བསྐྱངས་ཐོག་མང་ཚོགས་ལ་མཇལ་ཁ་དང་ཆོས་འབྲེལ་སྩལ་བ་དང་འབྲེལ། དད་ལྡན་སར་སྐྱ་མང་ཚོགས་སུམ་སྟོང་ཙམ་ལ་སེམས་བསྐྱེད་དང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་སྩལ་ཡོད།
དེ་ཡང་༸གོང་ས་མཆོག་མིན་ཡ་ན་པོ་ལི་སིའི་ཚོགས་ཁང་དུ་༸ཞབས་སོར་འཁོད་སྐབས་བོད་མི་རྣམས་ཀྱིས་སྲོལ་རྒྱུན་གྱི་ལམ་ནས་གྲོ་སོ་ཕྱེ་མར་དང་ཆང་ཕུད་འདེགས་འབུལ་ཞུས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
སྐབས་དེར་མངའ་སྡེའི་སྐུ་ཚབ་ Carolyn Laine མཆོག་དང་མིན་ནི་ན་པོ་ལི་སིའི་གྲོང་ཁྱེར་སྤྱི་ཁྱབ་པ་བྷེ་སི་ཊི་ཧོ་ཇི་སི་Betsy Hodges མཆོག་གིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་ཞུས་འདུག དེ་རྗེས་མེ་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་དབང་དངོས་གྲུབ་ལགས་ཀྱིས་གསུང་བཤད་གནང་གྲུབ་བསྟུན། ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཧ་ལམ་ཟླ་བ་གཅིག་ལྷག་ཙམ་རིང་སྨན་བཅོས་བྱས་ནས་བསྡད་པར། སྨན་བཅོས་ཧ་ཅང་ལས་སླ་པོ་བྱུང་། དུས་ཚོད་མང་ཆེ་བར་ངལ་གསོ་བརྒྱབ་ནས་སྡོད་རྒྱུ་དང་། ཁ་ལག་རྒྱག་ཚད་བཟས། གཉིད་རྒྱག་ཚད་ཉལ། ཉིན་རེ་ཉིན་རེའི་ངོས་རང་གི་ཁ་འདོན་རྣམས་ཞོགས་པ་ཆུ་ཚོད་བཞི་དང་། དགོང་མོ་ཆུ་ཚོད་གཅིག་བཅས་ཉིན་རེར་ཆུ་ཚོད་ ༥ ཙམ་འགོར་གྱི་འདུག བར་གསེང་རྣམས་སུ་དཔེ་ཆ་ཕྲན་བུ་ཀློག་ནས་ཧ་ཅང་སྐྱིད་པོ་བྱུང་།
འདིར་ཡོད་པའི་ཁྱེད་རང་ཚོ་དང་། ས་ཁུལ་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་ངོས་རང་འདིར་སྨན་བཅོས་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་ནས་ཚང་མས་སྨོན་ལམ་བརྒྱབ་པ་དང་། ཞབས་རིམ་སྒྲུབ་པ་སོགས་མང་པོ་ཞིག་གནང་འདུག ལྷག་པར་དུ་བོད་ནང་དུའང་མང་པོ་བྱས་འདུག་ལ། ཁ་ཤས་ལ་དཀའ་ངལ་འཕྲད་པའང་བྱུང་འདུག ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་འདིར་ནད་གསོ་བྱས་ཏེ་བསྡད་པའི་རིང་ལ་འཚམས་འདྲི་ཡི་གེ་མང་པོ་འབྱོར་བ་དང་། ལྷག་པར་ཕྲུ་གུ་ཆུང་ཆུང་རིགས་ནས་ཀྱང་འཚམས་འདྲིའི་ཡི་གེ་འབྱོར་བྱུང་བས་ཚང་མར་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་ཡིན།
ཤཱཀྱའི་དགེ་སློང་མི་རྒན་ཞིག་གི་བདེ་ཐང་དང་། ཚེ་རིང་པོ་ཡོང་ཆེད་ཁྱེད་རང་ཚོ་མི་མང་པོ་ཞིག་གིས་སྨོན་ལམ་བརྒྱབ་པ་སོགས་བྱས་ཡོད་ལ། ཆོས་ཕྱོགས་ཀྱི་ཐོག་ནས་འབྲེལ་བ་ཡོད་སྟབས། གཅིག་གིས་སྨོན་ལམ་བརྒྱབ་པ་དེ་གཅིག་ལ་ཕན་ཐོགས་ཡོད་པར་མ་ཟད། སྤྱིར་ལས་མ་བྱས་པ་དང་མི་འཕྲད་ཅིང་། བྱས་པ་ཆུད་མི་ཟ་ཞེས་པ་ལྟར་བླ་མ་དང་སློབ་མའི་དམ་ཚིག་གི་འབྲེལ་བ་ཡོད་པ་དང་། གཉེན་གྱི་འབྲེལ་བ་ཡོད་པ། ལོངས་སྤྱོད་ཀྱི་འབྲེལ་བ་སོགས་ཡོད་ན། མི་གཞན་ཞིག་གིས་དགེ་བ་བསྒྲུབས་པ་དེ་མི་གཞན་ཞིག་ལ་ཕན་ཐོགས་པ་ནང་དོན་རིག་པའི་གཞུང་དུ་གསུངས་པ་ལྟར་ཡིན། དེར་བརྟེན་ཁྱེད་རང་ཚོས་སྨོན་ལམ་བརྒྱབ་པ་དེས་ངོས་རང་ལ་ཕན་ཐོགས་ཡོད་པ་མ་ཟད། ཁྱེད་རང་ཚོས་ཀྱང་གཞན་ཕན་གྱི་བསམ་བློ་བཏང་བར་བརྟེན་བསོད་ནམས་གསོག་པར་ཕན་ཡོད།
ཉེ་ལམ་གནམ་ལོ་གསར་ཚེས་ལ་ངོས་ཀྱིས་བརྙན་འཕྲིན་གྱི་ལམ་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞིག་དྲ་རྒྱའི་ནང་བཏང་བ་ཡིན་ལ། དེ་རིང་ཁྱེད་རང་ཚོས་ངོས་རང་དངོས་སུ་མཐོང་ཡོད་པས། ངོས་ཀྱི་གདོང་ལ་བལྟས་ན་ནད་པའི་གདོང་འདྲ་པོ་ཞིག་འདུག་གམ་མི་འདུག གྲུང་མདོག་མདོག་བྱས་ཏེ་བསྡད་ཡོད་སྟབས། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ཏེ་སྡོད། རྗེས་ལ་ཐུག་ཡོང་། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དངོས་གཞི་ཆོས་འབྲེལ་དབུ་འཛུགས་མ་བསྐྱང་གོང་དེར་འདུས་བོད་རིགས་ཀྱིས་གཙོས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཀྱི་མཛད་འཁུར་གསུམ་པོ་སྟེ། འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུ། དེ་བཞིན་ཆོས་ལུགས་མཐུན་འབྲེལ་མཛད་རྒྱུ་བཅས་ཀྱི་ཐོག་བཀའ་སློབ་སྩལ་བ་དང་ཆབས་ཅིག ང་ཚོ་ཚང་མས་ཡ་རབས་བཟང་སྤྱོད་དང་སྙིང་རྗེ་ལྡན་པའི་མི་ཞིག་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད། ཅེས་ལམ་སྟོན་བཀའ་སློབ་ཕེབས་དོན། འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། ང་ཚོས་མཐོང་བཞིན་པའི་སྡུག་བསྔལ་མང་པོ་ཞིག་ང་ཚོ་མི་རང་ཉིད་ཀྱིས་བཟོས་པ་ཞིག་ཡིན། རྙོག་གྲ་ང་ཚོས་བཟོས་ཏེ་དཀོན་མཆོག་ལ་གསོལ་བ་འདེབས་རྒྱུ་དེ་འགྲིག་གི་མེད། དཔེར་ན། བཅོམ་ལྡན་འདས་ད་ལྟ་ཞལ་མཇལ་རྒྱུ་ཡོད་ཚེ་ང་ཚོས་འཛམ་གླིང་གི་སྡུག་བསྔལ་སེལ་རོགས་གནང་ཞེས་སྐྱབས་འཇུག་ཞུས་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཁྱེད་རང་ཚོས་བཟོས་པ་རེད། དེ་ཁྱེད་རང་ཚོས་འབད་བརྩོན་བྱེད་དགོས་རེད། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་བཟོ་རྒྱུ་མ་བྱུང་ཞེས་གསུང་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་གཙོ་བོ་སོ་སོས་ལྷག་བསམ་རྣམ་དག་ཐོག་ཡ་རབས་སྤྱོད་བཟང་དང་སེམས་པ་བཟང་པོ་བྱེད་རྒྱུ་ནི་བདེ་སྐྱིད་ཀྱི་རྩ་བ་རེད། སྤྱིར་ང་རང་ཚོས་བསམ་བློའི་ནང་ཡ་རབས་ཞེས་བརྗོད་སྐབས་ཧ་ཅང་མངོན་པར་བསྟོད་རྒྱུ་ཞིག་རེད། ང་རང་ཚོའི་ཉིན་རེ་ཉིན་རེའི་འཚོ་བའི་ནང་ཡ་རབས་ཟེར་བ་དེ་འབྲེལ་བ་མེད་པ་ལྟ་བུ་མཐོང་རྒྱུ་འདུག སོ་སོ་གཅིག་པུ་བསམ་བློ་བཏང་ནས་ང་རྒྱལ་དང་ཕྲག་དོག འགྲན་སེམས། ཆགས་སྡང་སོགས་ཀྱི་ཐོག་ཕྱིན་ན་རང་དོན་ཚགས་ཚུད་པོ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་རྒྱུ་དེ་ནོར་འཁྲུལ་རེད། དེང་སང་ཚན་རིག་པ་ཚོས་བཤད་ཀྱི་འདུག སེམས་ནང་ཁོང་ཁྲོ་དང་ཕྲག་དོག་ཤུགས་ཆེན་པོ་བྱས་ན། ལུས་པོའི་ཟུང་དེ་ཉུང་དུ་འགྲོ་གི་ཡོད། སོ་སོ་གཟུགས་པོའི་འཕྲོད་བསྟེན་ངོས་ནས་ཡིན་ནའང་ཡ་རབས་དང་། སེམས་པ་བཟང་པོ། དྲང་པོ་དྲང་གཞག་བྱས་ཏེ་ཕྱིན་ན། སེམས་སྐྱིད་པ་དང་སེམས་སྐྱིད་པོ་བྱུང་ན་གཟུགས་པོ་ཡང་བདེ་བ་ཡོང་གི་ཡོད། ཆོས་ཡོད་རུང་མེད་རུང་སྙིང་རྗེ་ལྡན་པའི་མི་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ང་རང་ཚོར་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དེ་ང་རང་ཚོའི་སྐད་ཡིག་གི་ཐོག་ཡོད། ང་ཚོས་སྐད་ཡིག་གཞན་ལ་རེ་དགོས་ཀྱི་མེད། དེ་སྔ་འབྱུང་ས་དེ་ལེགས་སྦྱར་གཙོ་བོ་རེད། དེ་བཞིན་པཱ་ལི་ཡང་རེད། འོན་ཀྱང་ང་རང་ཚོའི་བཀའ་འགྱུར་དང་བསྟན་འགྱུར་པུ་ཏི་སུམ་བརྒྱ་ཙམ་ཡོད་པ་དེ་བོད་ཡིག་ཐོག་ཡོད། དེ་ནི་ང་ཚོའི་མི་རིགས་ཀྱི་སྤོབས་པ་སྐྱེས་འོས་པ་ཞིག་ཡིན། ངོས་རང་ལྟ་བུ་མཚོན་ན་གཞན་དག་གང་ཡང་ཤེས་ཀྱི་མེད་ཀྱང་སློབ་སྦྱོང་ཕྲན་བུ་བྱས་ཡོད། དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་དངོས་ཡོད་གནས་ཚུལ། གཞིའི་གནས་ཚུལ། ལམ་གྱི་གནས་ཚུལ་དེ་དག་རིགས་པའི་ལམ་ནས་རིགས་པས་བརྡར་ཤ་དཔྱད་ནས་གཏན་ལ་ཕབ་བཞག་པ་ཞིག་ཡོད་པ་དེ་ཧ་ལས་པ་རེད་འདུག ད་ལྟ་ངོས་རང་ལོ་ ༨༡།༨༢ ཙམ་བསླེབས་ཡོད། མི་མང་པོ་ངོ་ཤེས་དང་རྒྱུས་ཡོད་ཆགས་ཡོད། ང་ཚོ་བོད་མི་རིགས་རང་ཉིད་ལ་ཡོད་པའི་རྣམ་དཔྱོད་དང་འབྲེལ་བའི་བསམ་བློའི་འགྲོ་སྟངས་དེ་འཛམ་གླིང་འདིའི་སྟེང་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡོད་པ་ལྟ་བུ་ཞིག་འདུག དེ་སོ་སོའི་སྐད་ཡིག་ཐོག་ཡོད་སྟབས་སྐད་ཡིག་གཞན་བསླབ་དགོས་ཀྱི་མེད། དེར་བརྟེན་བོད་ཀྱི་སྐད་ཡིག་དེ་ཧ་ཅང་རྩ་བ་ཆེན་པོ་རེད། ཟ་སྐད་འཐུང་སྐད་སོགས་དེང་སང་གི་རིག་གནས་གསར་པའི་ཁྲོད་བོད་སྐད་ཡར་རྒྱས་ཕྱིན་མེད་པར་བརྟེན་འདང་གི་མེད། ནང་བསམ་བློ་དང་འབྲེལ་བའི་ལྟ་སྒོམ་སྤྱོད་གསུམ་མམ་ཡང་ན་ལྟ་གྲུབ་ཀྱི་ཐོག་བོད་ཡིག་དེ་ཧ་ལས་པ་ཞིག་རེད་འདུག སོ་སོ་ཕ་མེས་ཀྱི་གཅེས་ནོར་དེ་མི་རབས་གསར་པ་ཚོས་བདག་པོ་བརྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མི་རབས་རྒན་པ་ཚོ་རིམ་པས་རྫོགས་འགྲོ་གི་ཡོད། དཔེར་ན། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་ཐོག་མར་ཡོང་མཁན་གྱི་མི་རབས་ཚོ་གང་ཙམ་རྫོགས་ཚར་བ་རེད། ལྷག་མ་ཡོད་པ་དེ་དག་སྤོ་དང་རྨོ་ཆགས་འདུག ལྔ་བཅུ་ང་དགུ་དང་དྲུག་ཅུ་རེ་གྲངས་ནས་ངོ་ཤེས་ཡོད་པ་ཚོ་སྤོ་སྤོ་རྨོ་རྨོ་ཆགས་ཡོད་སྟབས་ངོས་རང་ཡང་སྤོ་སྤོ་ཆགས་ཡོད་བསམ་པ་དྲན་གྱི་འདུག རྒན་པ་ཚོ་རྫོགས་འགྲོ་གི་ཡོད་སྟབས། ཁྱེད་རང་ཚོ་ཕ་མ་དང་གྲོགས་པོ། ཉེ་འབྲེལ་ཚོས་མི་རབས་གསར་པ་གཞོན་སྐྱེས་ཚོར་འགྲེལ་བཤད་བརྒྱབ་སྟེ་ཁོང་ཚོའི་བསམ་བློའི་ནང་བོད་ཅེས་པ་གང་འདྲ་ཞིག་ཡོད་པ་དང་ང་ཚོ་བཙན་བྱོལ་དུ་བསླེབས་དགོས་དོན། བཙན་བྱོལ་ནང་འབད་བརྩོན་ཇི་ལྟར་བྱེད་བཞིན་ཡོད་པ། བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཚན་རིག་པ་ཚོས་དོ་སྣང་ཧ་ཅང་བྱེད་བཞིན་ཡོད་པ་དེ་དག་འགྲེལ་བཤད་བརྒྱག་རྒྱུ་གལ་ཆེན་པོ་རེད་འདུག ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་མཁན་བོད་པ་ཚོས་བོད་ཡིག་ཐོག་དོ་སྣང་དང་སློབ་སྦྱོང་བྱེད་བཞིན་ཡོད་པ་དེར་ལྷོད་གཡེང་དུ་མ་ཕྱིན་པ་བྱེད་དགོས། ཕྲུ་གུ་ཆུང་ཆུང་གི་གོམས་གཤིས་ཐད་གཡས་གཡོན་གྱི་ཁོར་ཡུག་གིས་ཤུགས་རྐྱེན་ཐེབས་ངེས་ཡིན་སྟབས་ཁྱེད་རང་ཚོས་གཟབ་གཟབ་བྱོས། ཕ་མ་ཚོས་ཕྲུ་གུ་དང་མཉམ་དུས་ཚོད་མང་ཙམ་གཏང་ཐུབ་ཐབས་དང་གལ་ཆེ་ཤོས་ཕྲུ་གུར་བརྩེ་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟར་བྱས་པའི་སྒོ་ནས་ང་ཚོའི་མི་རབས་གསར་པ་ཚོ་ཡག་པོ་ཞིག་ཆགས་ཐུབ་ཐབས་བྱེད་དགོས། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མཛད་ཡོད།།