༢༠༡༦ ཟླ་ ༢ ཚེས་ ༢༡ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༠ ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་མཆོག་གིས་བོད་དང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ལོ་གསར་ལ་འཚམས་འདྲི་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༨ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཚོགས་ཁང་ཞིག་ཏུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ས་ར་སི་ཝེལ་ Sarah Sewall མཆོག་གིས་ཀྱང་བོད་ཀྱི་ལོ་གསར་ཐེངས་གཉིས་པ་སྲུང་བརྩི་ཞུས་འདུག
སྐབས་དེར་མཛད་སྒོའི་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ས་ར་སི་ཝེལ་མཆོག་གིས་བོད་མི་ཨ་རི་བ་རྣམས་དང་ཨ་རིའི་གཞུང་འབྲེལ་མི་སྣ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་བཅས་སྐུ་མགྲོན་རྣམས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཐེངས་འདིར་ལོ་གསར་སྲུང་བརྩི་ཞུས་པ་འདི་ནི་ཨ་རི་གཞུང་གིས་བོད་མིའི་ཐུན་མིན་ཁྱད་ཆོས་ལྡན་པའི་རིག་གཞུང་ལ་རྒྱབ་སྐྱོར་མཚོན་ཆེད་ཡིན་པ་དང་། ལམ་སྲོལ་འདི་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་མུ་མཐུད་རྒྱུན་སྐྱོང་གནང་ཐུབ་པའི་རེ་བ་ཡོད་སྐོར་གསུངས།
ས་གནས་བོད་མི་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་ལྟར་གཟབ་མཆོར་ལེགས་པར་སྤྲས་ཏེ་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་པར་ལྕམ་སྐུ་མཆོག་གིས་དགའ་བསུ་ཆེན་པོའི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་ལྟར་ཕྱེ་མར་ཆང་ཕུད་བཞེས་ཡོད།
ཕྱོགས་མཚུངས་མཛད་སྒོའི་སྐུ་མགྲོན་ཚོར་ཞལ་ཟས་དང་གསོལ་ཇ་འདེགས་འབུལ་ཞུས། ཐེངས་འདིར་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱིས་གཙོས་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་གཞན་རྣམས་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད། དེ་བཞིན་ཨེ་ཤི་ཡ་རང་དབང་རླུང་འཕྲིང་ཁང་དང་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་ལས་བྱེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད། བཀའ་ཟུར་བསྟན་འཛིན་བཀྲས་མཐོང་མཆོག། རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་སོགས་ཕེབས་ཡོད།།