༢༠༡༦ ཟླ་ ༢ ཚེས་ ༢༡ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ་མངའ་སྡེའི་ནང་སྲིད་བཀའ་བློན་སྐུ་ཞབས་ཇི་པར་མེཤྭ་ར་ Dr. G. Parameshwara མཆོག་ལ་སྲོལ་རྒྱུན་གྱི་ལམ་ནས་མཇལ་དར་ཕུལ་བ་བརྒྱུད་མཇལ་འཕྲད་གནང་འདུག སྐབས་དེར་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་དང་ལྷོ་སྤྱི་ཀརྨ་དགྲ་འདུལ་ལགས་བཅས་ལྷན་བཅར་ཞུས་འདུག མཇལ་འཕྲད་སྐབས་ནང་སྲིད་བཀའ་བློན་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་ནང་གི་བོད་མིའི་སྐྱབས་བཅོལ་བ་ཚོའི་གནས་སྟངས་སྤྱི་དང་ལྷག་པར་བོད་པའི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་གནས་སྟངས་སྐོར་གསལ་བཤད་ཞུས་འདུག
སྐབས་དེར་མངའ་སྡེའི་བློན་ཆེན་མཆོག་ནས་ཀྱང་བོད་མི་ན་གཞོན་ཚོའི་ཤེས་ཡོན་ཧ་ཅང་གལ་ཆེ་ཡིན་པར་མོས་མཐུན་གནང་ཐོག་མཐུན་འགྱུར་རོགས་རམ་གང་ཐུབ་གནང་རྒྱུའི་ཞལ་བཞེས་ཡང་གནང་འདུག མཇལ་འཕྲད་གྲུབ་མཚམས་དེ་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཐོག་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དབུ་བཞུགས་ཐོག་ནང་སྲིད་དྲུང་ཆེ་དང་ལྷོ་སྤྱིས་གཙོས་ལྷོ་གཞིས་ཁག་ལྔའི་ས་གནས་འགོ་འཛིན་དང་། ས་གནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་བཅས་ལྷན་འཛོམས་ཐོག་མངའ་སྡེའི་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་ལག་བསྟར་བྱེད་ཕྱོགས་དང་འབྲེལ་བའི་སྐོར་གོ་བསྡུར་གནང་བ་མ་ཟད།
ཕྱེད་ཡོལ་ཆུ་ཚོད་ ༥།༣༠ ཐོག་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨར་ཝིན་ཇ་ཌབ་ Mr. Arvind Jadhav མཆོག་དབུ་བཞུགས་ཐོག་ལྷན་ཚོགས་སྐབས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་མིའི་གཞིས་ཆགས་ཁག་ཏུ་ཆུ་དང་གློག དེ་བཞིན་ལམ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་རྣམས་འགྲེལ་བརྗོད་ཞུས་པ་དང་སྦྲགས། མོན་གྷོ་གཞིས་ཆགས་སུ་གཞུང་ལམ་རྒྱ་སྐྱེད་ཀྱི་ལས་གཞི་འགྲོ་མུས་ཡིན་པའི་སྐོར་དཀའ་ངལ་འཕྲད་བཞིན་ཡོད་པ་རྣམས་མགྱོགས་མྱུར་དཀའ་སེལ་སླད་འབོད་སྐུལ་ཡང་ཞུས་པར་སྤྱི་ཁྱབ་བློན་ཆེན་མཆོག་ནས་ནང་སྲིད་བཀའ་བློན་མཆོག་གི་རེ་འདུན་མཐའ་དག་ལ་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གང་མགྱོགས་གནང་རྒྱུའི་ཁས་ལེན་གནང་འདུག ལྷན་འཛོམས་ཡོངས་སུ་ལེགས་གྲུབ་རྗེས་ནང་སྲིད་བཀའ་བློན་མཆོག་ལྡི་ལིར་ཕེབས་ཐོན་གནང་ནས་ནང་སྲིད་དྲུང་ཆེ་མཆོག་སྦེལ་ཀོབ་ཏུ་མུ་མཐུད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད།།