༢༠༡༦ ཟླ་ ༢ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་དང་བསྟན་འཛིན་རབ་འབྱམས་ལགས་སོགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་གུ་རུའི་གནས་མཆོག་མཚོ་པདྨར་པར་རིགས་ཀྱི་ལམ་ནས་༸གོང་ས་མཆོག་གི་སྐུའི་མཛད་ཁུར་གཙོ་བོ་གསུམ་དང་། ཕ་ཡུལ་གྱི་ཕྱོགས་སུ་རྒྱང་ལྟ་བྱེད་པ། ཞེས་པའི་བརྗོད་གཞི་གཙོ་བོ་གཉིས་ཀྱི་ཐོག་པར་རིགས་འགྲེམས་སྟོན་གནང་འདུག
དེ་ཡང་སྐབས་དེར་ཁུ་ནུའི་ས་ཁུལ་གྱི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཝི་ཐཱ་ཀུར་ (Ravi Thakur) མཆོག་གིས་གོང་ཚེས་ཉིན་འགྲེམས་སྟོན་དབུ་འབྱེད་གནང་འདུག དབུ་འབྱེད་ཀྱི་མཛད་སྒོ་ཡོངས་སུ་ལེགས་གྲུབ་རྗེས་གནས་མཇལ་དུ་ཕེབས་པའི་ཁུ་ནུ་དང་གར་ཤ། ལ་ཧུལ་སྤྱི་ཏི། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་ཁག་ནས་བོད་རིགས་གཙོ་བོར་གྱུར་བའི་དད་ལྡན་རྒན་དར་གཞོན་གསུམ་གྱི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་བརྒལ་བས་འགྲེམས་སྟོན་ཁང་གི་སྡོད་གུར་ནང་ཚང་ཁ་ཤིག་ཤིག་བྱས་ནས་སྐུ་པར་མཇལ་བ་དང་བོད་ནང་གི་གནས་སྟངས་སོགས་རྒྱུས་ལོན་གནང་བ་མ་ཟད། ཕྱི་ཉིན་ཏེ་ཕྱི་ཚེས་ ༡༧ ཉིན་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་སྡོད་གུར་གྱི་ཕྱི་རོལ་དུ་སྡིངས་ཆའི་ཐོག་རྡ་ས་ཐང་སྟོང་གླུ་གར་ཚོགས་པས་བོད་ཀྱི་གཞས་སྣ་ཁག་གཅིག་དང་ཧི་མཱ་ལ་ཡི་གཞས་སྣ་འཁྲབ་སྟོན་པ་ཚོས་རིག་གཞུང་གི་གཞས་སྣ་འདྲ་མིན་སོགས་འཁྲབ་སྟོན་གནང་སྐབས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ (ITCO) ཀྱི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཧིན་སྐད་ཐོག་༸གོང་ས་མཆོག་གི་མཛད་ཁུར་གཙོ་བོ་གསུམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་རྒྱས་བཤད་གནང་།
ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མན་ཌི་ས་གནས་འགོ་འཛིན་དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས། དེ་བཞིན་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་སོགས་ཀྱིས་ཇི་ལྟར་གདན་ཞུས་ལྟར་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཕྱི་དྲིལ་པར་རིགས་འགྲེམས་སྟོན་གྱི་སྡོད་གུར་དུ་ཕེབས་ནས་སྐར་མ་ ༢༠ ཙམ་རིང་པར་རིགས་ཁག་ལ་རྒྱས་གཟིགས་གནང་རྗེས་ཉེ་འགྲམ་གྱི་སྡིངས་ཆའི་བཞུགས་ཁྲིར་འཁོད་བསྟུན། རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་དང་ཚེ་དབང་བཅས་གནང་།རྗེས་གནང་ཡོངས་སུ་ལེགས་གྲུབ་རྗེས་མན་ཌི་ས་གནས་འགོ་འཛིན་ལེགས་བཤད་ལགས་ཀྱིས་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ལ་བཀའ་དྲིན་གཏང་རག་གྱི་མཎྜལ་འདེགས་འབུལ་ཞུས།
དེ་ཡང་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཐེངས་འདིར་མཚོ་པདྨར་པར་རིགས་འགྲེམས་སྟོན་སྐོར་གྱི་དྲི་བར་ལན་འདེབས་གནང་དོན། ང་ཚོའི་ལས་བྱེད་བཞིས་གནས་མཆོག་མཚོ་པདྨར་པར་རིགས་འགྲེམས་སྟོན་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་དང་། བོད་ནང་གི་ཛ་དྲག་གནས་སྟངས། བོད་ཀྱི་བྱུང་རབས་ལོ་རྒྱུས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ངོ་སྤྲོད་ལག་དེབ། དེ་བཞིན་བོད་ཀྱི་བྱུང་རབས་ལ་ཁྱུག་ཙམ་ལྟ་བ། ( Glimpses on the History of Tibet) ཞེས་པའི་པར་རིགས་ཀྱི་དེབ་ཕྲེང་གཉིས་པ་ཉེ་ལམ་གསར་བསྐྲུན་ཞུས་པའི་དེབ་དང་། དྲིལ་བསྒྲགས་ཡིག་ཆ་དང་བརྙན་འཕྲིན་འོས་སྡེར་ཁག་རིན་པ་ཡོད་མེད་གཉིས་ཀའི་ཐོག་ནས་ང་ཚོའི་བུད་མེད་ལས་བྱེད་བརྩོན་གྲུས་ལགས་དང་དབྱིངས་གསལ་ལགས་གཉིས་ཀྱིས་བོད་ཨིན་ཧིན་གསུམ་ནང་ནས་འགྲེལ་བཤད་དང་སྦྲགས་འགྲེམ་སྤེལ་རྒྱ་ཆེ་གནང་ཐུབ་པ་བྱུང་སོང་།
དེར་བརྟེན་ཐེངས་འདིར་འཕགས་ཡུལ་གནས་མཆོག་མཚོ་པདྨར་དད་ལྡན་ཆོས་ཞུ་བ་བཞི་ཁྲི་ཙམ་ཕེབས་ཡོད་པ་རྣམས་ཀྱི་ཁྲོད་ང་ཚོས་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་སྤེལ་ཐུབ་པར་དགའ་སྤོབས་ཧ་ཅང་བྱུང་། ཞེས་གསུངས། ཕྱི་ཚེས་ ༡༩ ཉིན་པར་རིགས་འགྲེམས་སྟོན་གྱི་མཛད་སྒོ་མཇུག་བསྡོམས་གནང་འདུག སྐབས་དེར་ས་གནས་གྲོང་སྡེ་ཡར་རྒྱས་ལས་ཁུངས་ཀྱི་འགན་འཛིན་ཀེན་ཊེན་ (Captain J.M. Pathania)མཆོག་གིས་མཇུག་བསྡོམས་གནང་ཡོད་པ་མ་ཟད། ས་གནས་ལས་ཁུངས་ཀྱི་ཚོགས་གཙོ་ལྕམ་སྐུ་ནི་ལམ་ (Smt.Neelam Sharma) མཆོག་ཀྱང་ཕེབས་འདུག ཐེངས་འདིར་པར་རིགས་འགྲེམས་སྟོན་གནང་སྐབས་སུན་མཚོ་མན་གསུམ་གྱི་ས་འཐུས་དང་མཚོ་པདྨའི་འབྲེལ་མཐུད་པ་བསྟན་རྣམ་ལགས། ས་གནས་འཕགས་བོད་འབྲེལ་མཐུད་པ་དཀོན་མཆོག་ཆོས་གྲགས་སོགས་ཀྱིས་མཐུན་འགྱུར་རམ་འདེགས་རྒྱ་ཆེ་གནང་ཡོད་པ་བཅས། །