༢༠༡༦ ཟླ་ ༢ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༩ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རི་ Mr John Kerry མཆོག་གིས་ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་དང་བོད་མི་ཡོངས་ལ་བོད་རྒྱལ་ལོ་ ༢༡༤༣ མེ་སྤྲེལ་ལོའི་གནམ་ལོ་གསར་ཚེས་ལ་འཚམས་འདྲི་གནང་འདུག
དེ་ཡང་འཚམས་འདྲི་དེའི་ནང་འཁོད་དོན། ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་ Barack Obama མཆོག་དང་། ཨ་རིའི་མང་ཚོགས་ཀྱི་ཚབ་ཞུས་ཏེ། ངོས་ནས་ལོ་གསར་གཏོང་མཁན་ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་ཡོངས་ལ་ལོ་གསར་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། འབྲུག་དང་། བལ་པོ། རྒྱ་གར། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པའི་བོད་པ་བཅས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་དེ་དག་ཏུ་རིག་གནས་དང་ལོ་རྒྱུས་ཀྱི་དཔལ་ཡོན་དར་ཞིང་རྒྱས་པ་དེར་ཨ་རི་བ་ཚོས་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། ཁྱེད་རྣམ་པའི་ཕ་མེས་ནས་བརྒྱུད་པའི་གླུ་གར་དང་སྙན་རྩོམ། དེ་བཞིན་བཟོ་བརྐོས་རྒྱུ་རྩལ་སོགས་གཅེས་ནོར་ཕུན་སུམ་ཚོགས་པ་དེ་དག་གིས་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་རིག་གནས་ཆུ་ཚད་གོང་མཐོར་གཏོང་བཞིན་ཡོད།
ཁྱེད་རྣམ་པའི་ནང་མི་སྤུན་མཆེད་དང་ལྷན་དུ་ལོ་གསར་གྱི་དགའ་སྟོན་ལ་རོལ་བཞིན་པའི་སྐབས་འདིར་ཨ་རིའི་གཞུང་མང་གཉིས་ཀྱིས་ཀྱང་ཁྱེད་རྣམ་པའི་གྲོགས་པོ་དང་རྒྱབ་སྐྱོར་བ་ཡིན་པའི་ཆ་ནས་ལོ་གསར་སྲུང་བརྩིའི་དགའ་སྟོན་ཞུ་རྒྱུ་ཡིན། ལོ་གསར་པའི་ནང་ཚང་མར་བདེ་སྐྱིད་དང་ཞི་བདེ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།