ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ལྷོ་ཤར་ཨེ་ཤི་ཡའི་ཁུལ་གྱི་སྐུ་ཚབ་དོན་གཅོད་དང་ལས་བྱེད་རྣམས་ལ་ལས་དོན་འཆར་སྒྲིག་དང་བྱུས་བཀོད་ཀྱི་ཟབ་སྦྱོང་མཇུག་སྡོམ་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག ཨོ་སི་ཊོ་ལི་ཡའི་ཁུལ་གྱི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས། ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས། བལ་ཡུལ་སྐུ་ཚབ་དོན་གཅོད་རྟ་མགྲིན་རྡོ་རྗེ་ལགས། ཕྱི་དྲིལ་འཛིན་སྐྱོང་འགན་འཛིན་ཡེ་ཤེས་དབང་མོ་ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་དང་ལས་བྱེད། ཟབ་ཁྲིད་པ་སྐུ་ཞབས་ Dr. Peter Traub ལགས། ཕྱི་དྲིལ་ཁོར་ཡུག་ཚན་པ། དེ་བཞིན་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་ཁག་གཅིག་བཅས་ལྷན་འཛོམས་ཀྱིས་ཐོག་མར་ཟབ་ཁྲིད་པ་སྐུ་ཞབས་ Dr. Peter Traub ལགས་ཀྱིས་ཟབ་ཁྲིད་ལས་རིམ་དང་། དེ་སྔོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། ཨེ་ཤི་ཡའི་ཁུལ་དུ་ཟབ་ཁྲིད་ཇི་གནང་སོགས་ཀྱི་སྐོར་ངོ་སྤྲོད་གནང་གྲུབ་རྗེས་སྲིད་སྐྱོང་མཆོག་གིས་རྒྱ་གར་ནང་ལས་དོན་སྤེལ་ཕྱོགས་ཐོག་གསུང་བཤད་གནང་དོན། སྐུ་ཞབས་པི་ཊར་ལགས་ལས་འབྲེལ་ཆེན་པོ་ཡོད་ནའང་། འདིར་ཆེད་ཕེབས་ཀྱིས་ཟབ་ཁྲིད་ཚགས་ཚུད་གནང་བར་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤྱིར་སྐུ་ཞབས་པི་ཊར་ལགས་ལྟ་བུར་མཚོན་ན། བོད་དོན་འཐབ་རྩོད་ཐོག་རྒྱུས་མངའ་ཡོད་པ་ཞིག་ཆགས་ཡོད། དེ་རིང་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་གྱི་འབྲེལ་ཡོད་ལས་བྱེད་ཚང་མས་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད་ཀྱང་། སྐུ་ཞབས་པི་ཊར་ལགས་ཀྱིས་ཉམས་མྱོང་གི་ཐོག་ནས་ཟབ་ཁྲིད་སྤུས་དག་དང་ཞིབ་རྒྱས་གནང་བ་ཧ་ཅང་ཡག་པོ་བྱུང་འདུག
དེ་རིང་གི་ཟབ་སྦྱོང་དེ་བཞིན་སྔོན་རྩིས་གཏན་འབེབས་ཁོངས་ནས་ལས་དོན་གལ་ཆེ་བ་ཞིག་ཆགས་ཡོད།
སྤྱིར་རྒྱ་གར་ནང་བོད་དོན་ལས་འགུལ་སྔ་མོ་ནས་སྤེལ་དང་སྤེལ་མུས་ཡིན། དེ་རིང་འདིར་མཉམ་ཞུགས་གནང་བའི་ལས་བྱེད་རྣམ་པ་ཚོས་འགན་རྐང་བཞེས་ཐོག་སྡེ་ཚན་སོ་སོས་རྣམ་པ་འདྲ་མིན་ཐོག་རྒྱ་གར་ནང་ལས་འགུལ་ནུས་པ་ལྡན་པ་ཞིག་སྤེལ་བཞིན་ཡོད་ཀྱང་། ང་ཚོ་ལས་འགུལ་སྤེལ་མཁན་སྡེ་ཚན་ཚང་མས་ཕན་ཚུན་རྒྱུས་མངའ་ཡོད་པའི་ཐོག་ནས་མཉམ་རུབ་ཀྱི་ནུས་པ་མཉམ་སྤུངས་ཀྱིས་རྒྱ་གར་ནང་བོད་དོན་ལས་འགུལ་མུ་མཐུད་སྤེལ་ཚེ་ཚགས་ཚུད་ལྡན་པ་དང་། ནུས་པ་ལྡན་པའི་ལས་དོན་ཞིག་བསྒྲུབ་ངེས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་སྟེ་ཉིན་གྲངས་གསུམ་གྱི་ཟབ་སྦྱོང་ལས་རིམ་མཇུག་སྒྲིལ། །