ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །བོད་མི་མང་སྤྱི་འཐུས་ལས་ཐོག་དང་། སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་བསྙུན་མནར་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༩ རེས་གཟའ་པ་སངས་ཀྱི་མཚན་དཀྱིལ་ཙམ་ལ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པར་དཔལ་ལྡན་བཀའ་ཤག་ནས་ཐུགས་ཕམ་དང་སྦྲགས་བཀུར་འོས་སྤྱི་འཐུས་དམ་པ་དེ་ཉིད་ལ་མྱ་ངན་གུས་བཏུད་ཞུ་སླད། དེ་རིང་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཐོག་གངས་སྐྱིད་ལས་བྱེད་གསོལ་ཚང་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་བསྔོ་སྨོན་གསུང་འདོན་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཉིན་རྒྱབ་ཆུ་ཚོད་ ༢ ནས་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་ཕྱིར་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད།
དམ་པ་ཁོང་ནི། ཕྱི་ལོ་ ༡༩༤༩ ལོར་སྟོད་མངའ་རིས་སྐྲ་བདུན་གྱི་ཉེ་འདབ་བླ་གྲང་ཀོ་སར་ཕ་ཁམས་རི་བོ་ཆེ་རྐྱང་ཕྲུག་ཚང་ཤེས་རབ་འོད་ཟེར། ཕྱིས་སུ་སྟོད་དང་། མངའ་རིས། བལ་ཡུལ་གློ་ལུང་པ་བཅས་ཀྱི་ས་གནས་མང་པོར་སྟག་ལུང་བླ་མར་གྲགས་པའི་བཀའ་བརྒྱུད་ཀྱི་སྔགས་འཚང་ཚད་ལྡན་དང་། མ་གཙང་རྒྱལ་རྩེ་ཏཱ་ར་མདོ་བའི་གཞིས་ཁོངས་བྱང་ཆུབ་གཉིས་སུ་སྐྱེས། རྒྱ་གར་དུ་འབྱོར་རྗེས་ཕྱི་ལོ་ ༡༩༦༠།༡༩༧༠ བར་མ་སུ་རི་གཏན་སློབ་དང་། ཕྱི་ལོ་ ༡༩༧༠ ནས་ ༡༩༧༣ བར་ལྡི་ལི་མཐོ་སློབ། ཕྱི་ལོ་ ༡༩༧༥ ལོར་སྦེང་ལོར་མཐོ་སློབ་ནས་དགེ་འོས་བཅས་ཐོན།
ཕྱི་ལོ་ ༡༩༧༣།༡༩༧༤ དང་། ཕྱི་ལོ་ ༡༩༧༦ ནས ༡༩༨༠ བར་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་སུ་སློབ་དགེ་དང་། ཕྱི་ལོ་ ༡༩༨༡ ནས་ ༡༩༨༧ བར་དང་། ཕྱི་ལོ་ ༡༩༨༧ ནས་ ༡༩༨༩ བར་སིམ་ལ་དང་། མ་སུ་རི་གཏན་སློབ་གཉིས་ཀྱི་སློབ་སྤྱིའི་ལས་འགན་ཞུས། ཕྱི་ལོ་ ༡༩༧༠ ནས་ ༡༩༧༦ བར་ལྡི་ལི་དང་། སྦེལ་ཀོབ་གཉིས་སུ་ས་གནས་གཞོན་ནུའི་ཚོགས་གཞོན་དང་། དྲུང་ཆེ། ཕྱི་ལོ་ ༡༩༧༧ ནས་ ༡༩༨༣ བར་དང་། ཕྱི་ལོ་ ༡༩༨༦ ནས་ ༡༩༨༩ བར་གཞོན་ནུའི་དབུས་རྒྱུན་ཁོངས་ཚོགས་གཞོན་དང་ཚོགས་གཙོ་ཞུས། ཕྱི་ལོ་ ༡༩༩༤ ནས་ ༡༩༩༦ བར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགོ་འཛུགས་ཀྱི་ཚོགས་གཙོ་དང་། ཕྱི་ལོ་ ༢༠༠༥།༢༠༠༦ ལོར་སླར་ཡང་ཚོགས་གཙོ་ཞུས།
སྐབས་ ༡༡ དང་། ༡༢། ༡༣། ༡༤ བཅས་ལ་མུ་མཐུད་དབུས་གཙང་མི་མང་ནས་སྤྱི་འཐུས་སུ་འོས་འདེམས་བྱུང་བ་དང་། སྐབས་བཅོ་ལྔའི་བཀའ་བརྒྱུད་སྤྱི་འཐུས་སུ་འོས་འདེམས་བྱུང་བ་ལྟར་ལས་འགན་བཞེས་བཞིན་པའི་ཐོག་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༩ རེས་གཟའ་པ་སངས་ཀྱི་མཚན་དཀྱིལ་ཙམ་ལ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པ་བཅས། །