ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། འབྲས་ལྗོངས་ལྷོ་རྒྱུད་ར་སྦང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་འདི་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༤ ཉིན་ཟུར་བཙུགས་ཀྱིས་ས་གནས་ཁྲིམས་ཞིབ་པ་དང་ཁྲིམས་དྲུང་བསྐོ་གཞག་དང་། ལས་ཁུངས་དང་གཏུག་བཤེར་ཁང་ལེ་ལག་ཚང་བ་མཐུན་རྐྱེན་སྦྱར་ཏེ་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་བྱེད་སྒོ་འགན་བསྐུར་བྱས་ཡོད་ནའང་། ད་བར་ལོ་ངོ་གསུམ་ལྷག་རིང་ཁྱབ་ཁོངས་ས་གནས་ནས་ཁ་མཆུ་ཞུ་གཏུག་བྱེད་མཁན་བྱུང་མེད་སྟབས། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༩ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷན་ཚོགས་ཐེངས་ ༣༤༨ ཐོག་བསྐྱར་ཞིབ་བཀའ་བསྡུར་གནང་སྟེ། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༢༨ པའི་དགོངས་དོན་གཞིར་བཟུང་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ ནས་ཕྱིར་བསྡུ་གནང་རྒྱུ་ཐག་གཅོད་དང་སྦྲགས། ཤར་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་ས་གནས་རྣམས་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་དུ་ཟླ་བསྒྲིལ་བཏང་སྟེ། ས་གནས་ཁྲིམས་ཞིབ་ཁང་ཁག་གི་ས་ཁོངས་ཁྱབ་ཚད་བསྒྱུར་བཅོས་གནང་སོང་ན། དེ་དོན་རྩ་འཛིན་ལག་བསྟར་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སུ་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༩ ལ། །