ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ལག་དེབ་སྔོན་པོའི་ལས་གཞིའམ་བོད་ཀྱི་རྩ་དོན་བསྒྲུབ་ཐབས་སུ་ཕྱིའི་རྒྱལ་ཁབ་ཁག་ནས་བོད་ཀྱི་དྲང་བདེན་ཐབས་རྩོད་ལ་རྒྱབ་བསྐྱོར་དང་གདུང་སེམས་མཉམ་སྐྱེའི་ལས་གཞི་ཞིག་རུ་སོག་སྐུ་ཚབ་དོན་གཅོད་ཁང་ནས་སྤེལ་གནང་འདུག
སྤྱིར་ལས་གཞི་དེ་ཉིད་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༡༩༩༧ ལོར་སྒོ་འཛུགས་གནང་བ་ཞིག་ཡིན་པ་དང་།
ལས་གཞི་དེའི་དམིགས་ཡུལ་ཁག་ནི། ཕྱིའི་མི་རིགས་ནས་བོད་དོན་ཐོག་གདུངས་སེམས་མཉམ་བསྐྱེད་རྒྱབ་བསྐྱོར་སྔར་ལྷག་འབྱུང་ཐབས་འབད་བརྩོན་ཞུ་རྒྱུ་དང་། འཛམ་གླིང་ནང་བོད་དོན་རྒྱབ་བསྐྱོར་བ་ས་ཡ་གཅིག་འབྱུང་ཐབས་དམིགས་ཚད་འཇོག་རྒྱུ། ཕྱིའི་རྒྱལ་ཁབ་སྤྱི་དང་ལྷག་པར་རྒྱ་གར་སྤྱི་ཚོགས་ནས་རྒྱབ་བསྐྱོར་ཤུགས་ཆེ་འབྱུང་ཐབས་ཞུ་རྒྱུ། གལ་ཆེའི་ལས་གཞི་འདི་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཁྱབ་ཐབས་ཞུ་རྒྱུ་བཅས་ཡིན།
རུ་སོག་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་ཀརྨ་བསྟན་འཛིན་ལགས་ཀྱིས་རུ་སོག་སྐུ་ཚབ་དོན་གཅོད་ཁང་ནས་ལག་དེབ་སྔོན་པོའི་ལས་གཞི་སྤེལ་བའི་སྐོར་འགྲེལ་བརྗོད་གནང་དོན། དེ་སྔོན་རུ་སུའི་མི་སེར་ནས་ལག་དེབ་སྔོན་པོ་བཞེས་མཁན་བྱུང་ཡོད་ཀྱང་། བར་སྐབས་ཤིག་ནས་ལག་དེབ་སྔོན་པོ་བཞེས་མཁན་གྱི་གྲངས་འབོར་དེ་ཙམ་མང་པོ་བྱུང་མེད་སྟབས། ང་ཚོས་ལག་དེབ་སྔོན་པོའི་ལས་གཞི་དེ་སླར་ཡང་སྤེལ་བ་ཞིག་ཡིན། ཞེས་དང་།
སྤྱིར་དེང་སྐབས་རུ་སུར་རྒྱལ་སྤྱིའི་ཆབ་སྲིད་གནས་སྟངས་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དཔལ་འབྱོར་གནོན་ཤུགས་འོག་དཀའ་ཁག་ཆེ་བའི་དུས་ཚོད་ཅིག་འཕྲད་བཞིན་ཡོད་ནའང་བོད་དོན་ཐོག་སྔར་བས་ཀྱང་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་བ་ཕྱིན་ཡོད།
རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོས་པ་ལྟར་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ནང་པའི་ཡུལ་གྲུ་གསུམ་ཡོད་པ་དེ་དག་དམར་པོའི་རིང་ལུགས་འོག་ནང་པའི་ཆོས་དང་རིག་གཞུང་གཏོར་བཤིག་སོང་བའི་དཀའ་ངལ་གཅིག་མཚུངས་འཕྲད་ཡོད་སྟབས། ང་ཚོས་བོད་མི་ཚོར་དཀའ་དཀའ་ངལ་ཇི་འཕྲད་སེམས་འཚོར་ཡོད་ཐོག་རྒྱབ་སྐྱོར་བྱེད་བཞིན་ཡོད། ཅེས་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེས་དེ་ལྟར་འགྲེལ་བརྗོད་གནང་འདུག་པ་བཅས། །