ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༥ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པར་བིག་ནིངྐ་ BIGNNING ཞེས་པའི་དུས་སྟོན་གོ་སྒྲིག་ཚོགས་པས་མགྲོན་འབོད་བྱས་པ་བཞིན། ལྡི་ལིར་རྟེན་གཞི་བྱས་པའི་མན་ཌི་ཧ་ཧོ་སེ་ཉེ་འགྲམ་དུ་འཚོགས་བཞིན་པའི་རྒྱ་གར་བྱང་ཤར་མངའ་ཁུལ་གྱི་རིག་གཞུང་དང་ཚོང་ལས་ཞེས་པའི་དུས་སྟོན་ཐོག་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་མཛད་རྗེས་དང་། འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྐོར་པར་རིས་འགྲེམས་སྟོན་གནང་འདུག
མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་རྒྱ་གར་རྒྱལ་ཡོངས་དང་ཞབས་ཚོགས་པ་ཨར་ཨེ་སི་ཨེ་སི་ (RSS)ཚོགས་པའི་སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་ Indresh Kumar ལགས་དང་། རྒྱ་གར་བློན་ཆེན་ཇི་ཏིན་དཱ་རཱ་ Dr. Jitendra Singh ལགས་རྣམ་གཉིས་ཀྱིས་ཐེངས་འདིའི་དུས་སྟོན་དང་འགྲེམས་སྟོན་དབུ་འབྱེད་གནང་འདུག
ཐེངས་དེའི་རིག་གཞུང་དུས་སྟོན་གྱི་དམིགས་ཡུལ་ནི། རྒྱ་གར་བྱང་ཤར་མངའ་ཁུལ་གྱི་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་རིག་གཞུང་སྣ་ཚོགས་ཡོད་པ་དེ་དག་རྒྱ་གར་མངའ་ཁུལ་གཞན་གྱི་མི་མང་རྣམས་ལ་རྒྱུས་མངའ་འཇུག་རྒྱུ་དང་། དེ་བཞིན་རྒྱ་གར་བྱང་ཤར་མངའ་ཁུལ་གྱི་དཔལ་འབྱོར་བསྟི་གནས་ཁག་གི་ནང་ཡར་རྒྱས་གོང་སྤེལ་ཡོང་ཐབས་སོགས་ལ་དམིགས་པ་ཞིག་ཡིན་འདུག
ཐེངས་འདིའི་རིག་གཞུང་དུས་སྟོན་དང་འགྲེམས་སྟོན་ཐོག་སློབ་ཕྱུག་དང་ཚོང་ལས་མི་སྣ་སོགས་མི་གྲངས་ཆིག་སྟོང་ཙམ་གྱིས་དོ་སྣང་ཆེན་པོས་མཉམ་ཞུགས་གནང་འདུག་པ་མ་ཟད། སྐུ་མགྲོན་རྣམ་གཉིས་ཀྱིས་བོད་ཀྱི་འགྲེམས་སྟོན་ཚན་པའི་པར་རིས་ཁག་ལ་གཟིགས་ཞིབ་ཀྱིས་སྐུ་པར་དེ་དག་གི་ཐོག་ནས་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་དང་དགོངས་གཞི་མཚོན་པ། ལྷག་པར་སྐུ་པར་དེ་དག་གིས་སེམས་འགུལ་ཤུགས་ཆེ་བསྐྲུན་སྐོར་དང་། གང་ཉིད་མཆོག་སྐུ་ཚེ་བརྟན་པའི་སྨོན་ལམ་ཡོད། ཅེས་སོགས་ཀྱི་མཆན་འདེབས་ཀྱང་བཀོད་འདུག་པ་བཅས། །