ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༥ ཉིན་འདི་ག་ཕྱི་དྲིལ་བོད་ཀྱི་དྲ་བརྙན་ཚན་པའི་རྩོམ་སྒྲིག་པ་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་ཇི་ཡོད་སྐོར་བཅར་འདྲི་ཞུས་སྐབས་སྲིད་སྐྱོང་མཆོག་གིས་མང་ཚོགས་ནས་མགོན་པོ་གང་ཉིད་མཆོག་གི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གང་མང་བྱ་རྒྱུ་གལ་ཆེ་ཡིན་པ་དང་། སྤྱིར་གང་ཉིད་མཆོག་གི་སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་པར་བརྟེན་མང་ཚོགས་ནས་ཐུགས་ཁྲལ་གནང་མི་དགོས་པ་སོགས་ཀྱི་སྐོར་གསུང་དོན། སྤྱི་ཡོངས་ཀྱི་ཆ་ནས་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་ཧ་ཅང་ཡག་པོ་འདུག ཉེ་བའི་ཆར་༸གོང་ས་མཆོག་གིས་ཀྱང་མི་མང་དང་། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་། སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་སྐོར། དེ་བཞིན་ཉེ་སྔོན་བཀའ་ཤག་གིས་གནས་ཆུང་སྤྱན་འདྲེན་ཞུས་སྐབས་སྐུ་ཕྱྭའི་ཞབས་རིམ་ཁག་གཅིག་གསོག་སྒྲུབ་དགོས་པའི་བཀའ་ལུང་ཕེབས་པ་བཞིན་ང་ཚོས་ཆོས་རིག་ལས་ཁུངས་བརྒྱུད་ནས་གཞིས་ཆགས་ཁག་དང་། དགོན་སྡེ་ཁག་ལ་སྐུ་ཕྱྭའི་ཞབས་རིམ་གང་ཐུབ་ཅི་ཐུབ་གསོག་སྒྲུབ་ཡོང་བའི་རེ་འདུན་ཞུ་བཞིན་ཡོད།
སྤྱིར་གཞིས་ཆགས་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་བོད་རིགས་ཚོས་མ་བསྐུལ་དང་བླངས་ཐོག་ནས་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཧ་ཅང་ཡག་པོ་གནང་གི་འདུག དེ་ནི་ཧ་ཅང་གི་ཡག་པོ་རེད། ཅེས་ཞུ་རྒྱུ་ཡིན། དེ་ལྟར་མུ་མཐུད་གནང་རྒྱུ་དེ་ཡང་ཧ་ཅང་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན།
སྤྱིར་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་ཀྱི་ཁྱོག་པ་དང་། བོད་མི་ཚོའི་དམ་ཚིག་གཙང་མ་ཞིག་བསྲུང་ཐུབ་པ་ཡིན་ན་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་ངེས་ཡིན་སྟབས། མི་མང་ཚོ་ཐུགས་ཁྲལ་གནང་དགོས་མ་རེད། ཅེས་ཞུ་རྒྱུ་ཡིན། དུས་རྒྱུན་དུ་མི་མང་རྣམ་པ་ཚོས་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ཚང་མས་ད་ལྟ་གནང་བ་བཞིན་མུ་མཐུད་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད།
ཡང་སྲིད་སྐྱོང་མཆོག་གིས་ཉེ་ལམ་མ་ཡོ་སྨན་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ prostate ཞེས་པའི་སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་རྒྱུ་ཡིན་པ་ལས་བཤག་བཅོས་མིན་སྐོར་གསུང་དོན། ཉེ་ཆར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དབྱིན་ཡིག་ཐོག་གསལ་བསྒྲགས་བཀོད་པའི་ནང་ prostate ཞེས་པ་འདི་འཁོད་ཡོད། དེ་བཞིན་རྒྱ་གར་གྱི་ཚགས་ཤོག་ཁག་གཅིག་ནང་དེ་ལྟར་བྲིས་འདུག བཤག་བཅོས་མཛད་རྒྱུ་ཡིན་པ་གང་ཡང་མ་རེད། prostate treatment ཞེས་སྨན་བཅོས་བརྟག་དཔྱད་མཛད་རྒྱུ་ཡིན་པ་ལས་བཤག་བཅོས་གཏན་ནས་མ་རེད། ཅེས་ཞུ་རྒྱུ་ཡིན།
སྤྱིར་ཨ་རིའི་ནང་ལོ་བཞི་བཅུར་ལོན་སྐབས་གཟུགས་གཞི་བརྟག་དཔྱད་བྱ་དགོས་ཞེས་སྨན་པས་ལམ་སྟོན་གནང་གི་ཡོད། ལོ་ལྔ་བཅུར་ལོན་སྐབས་ངེས་པར་དུ་གཟུགས་པོར་བརྟག་དཔྱད་བྱ་དགོས་པ་རེད། ཅེས་སྨན་པས་ནན་ཏན་བྱས་ནས་ལམ་སྟོན་གནང་གི་ཡོད། ལོ་དྲུག་ཅུར་ལོན་སྐབས་སྨན་བཅོས་བྱ་རྒྱུ་འགོ་འཛུགས་བྱེད་ཀྱི་ཡོད། འོན་ཀྱང་༸གོང་ས་མཆོག་དགུང་ལོ་བརྒྱད་ཅུར་སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་སྐབས་སྤྱི་ཡོངས་ནས་བལྟས་པ་ཡིན་ན་གང་ཉིད་མཆོག་གི་སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་པ་འདི་ཧ་ཅང་གསལ་པོ་རེད། དེར་བརྟེན་ད་ལྟ་མགོན་པོ་གང་ཉིད་མཆོག་སྨན་ཁང་དུ་སྨན་བཅོས་བརྟག་དཔྱད་མཛད་པ་ལས་བཤག་བཅོས་མ་རེད། ཅེས་གསལ་པོར་ཞུ་རྒྱུ་ཡིན།
རྩ་བའི་༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་བསྐྱངས་ཏེ་བརྟག་དཔྱད་མཛད་སྐབས། སྨན་པས་སྤྱན་གྱི་ཐད་དཀའ་ངལ་གང་ཡང་མི་འདུག ཅེས་ཧ་ཅང་གསལ་པོ་ཞུས་འདུག་པར་བརྟེན་མི་མང་ནས་ཐུགས་ཁྲལ་གནང་དགོས་མི་འདུག་ཞུ་རྒྱུ་ཡིན། འཛམ་གླིང་ཡོངས་ཀྱི་སྨན་ཁང་ནང་ནས་མ་ཡོ་སྨན་ཁང་ནི་སྙན་གྲགས་ཆེ་གྲས་ཤིག་ཡིན་པ་མ་ཟད། མགོན་པོ་གང་ཉིད་མཆོག་མ་ཡོ་སྨན་ཁང་དུ་སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཕལ་ཆེར་ལོ་བཅུ་ཙམ་ནས་ལོ་ལྟར་ཚིབས་སྒྱུར་བསྐྱངས་ཡོད་སྟབས། མ་ཡོ་སྨན་ཁང་གི་སྨན་པ་ཡིན་ནའང་རྒྱུས་མངའ་ཡོད་པ་དང་། འཕྲུལ་ཆས་དང་སྨན་པ་སོགས་འཛམ་གླིང་ནང་གི་མཐུན་རྐྱེན་རྩེ་ཕུད་ཡིན་པར་བརྟེན་མི་མང་རྣམ་པ་ཚོ་ཐུགས་ལྷོད་ལྷོད་གནང་རོགས་ཞུ་རྒྱུ་ཡིན།
མང་ཚོགས་ངོས་ནས་ཐུགས་འཚབ་གནང་བ་དེར་ཐུགས་ཁག་རྩ་བ་ཉིད་ནས་མེད་པ་དྲན་གྱི་འདུག གང་ཡིན་ཞེ་ན་༸གོང་ས་མཆོག་ནི། ང་ཚོའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་པར་བརྟེན། ཐུགས་ཁྲལ་ཏན་ཏན་ཡོང་གི་རེད། འོན་ཀྱང་བཀའ་ཤག་ངོས་ནས་མི་མང་ཡོངས་ལ་ཞུ་རྒྱུར་ཐུགས་ཁྲལ་རྩ་བ་ཉིད་ནས་གནང་མི་དགོས། གང་ཡིན་ཟེར་ན། སྨན་བཅོས་ཡིན་ནའང་སྤྱིར་བཏང་གི་སྨན་བཅོས་ཤིག་ཡིན་པ་དང། སྨན་བཅོས་མཐུན་རྐྱེན་ཡིན་ནའང་ཚད་མཐོ་ཤོས་རྩེ་ཕུད་གནང་བཞིན་ཡོད་སྟབས། ཐུགས་ཁྲལ་གནང་དགོས་རྒྱུ་མེད་ཅེས་ཞུ་རྒྱུ་ཡིན། ང་ཚོས་གནང་ཐུབ་པ་ནི། མ་སྐུལ་དངས་བླངས་ཐོག་ནས་ཞབས་རིམ་གསོག་སྒྲུབ་གནང་རྒྱུ་དེ་ཡིན།
མང་ཚོགས་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ་འདི་མུ་མཐུད་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་མི་མང་ནས་དུས་རྟག་ཏུ་དམ་ཚིག་བརྟན་པོ་བསྲུང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་མི་མང་ནས་སྤྱི་མཐུན་གྱི་བསོད་ནམས་ཁྱོག་པ་ཡིན་ན། ༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པར་ཐུགས་ཁྲལ་གནང་དགོས་མ་རེད། ཡིན་ནའང་དུས་རྒྱུན་དུ་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་བྱ་རྒྱུ་ནི་ང་ཚོའི་ལས་འགན་རེད། དེར་བརྟེན་ཚང་མས་ཞབས་རིམ་མུ་མཐུད་གསོག་རོགས་ཞེས་ནན་ཏན་ཐོག་རེ་སྐུལ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །