ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་བཀོད་སྒྲིག་ཚན་པས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༤ ནས་ ༢༦ བར་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུའི་རྒྱལ་ས་ཅེ་ནཱེ་ཁུལ་གྱི་མཐོ་སློབ་ཁག་གི་ནང་འགྲིམ་བཞིན་པའི་བོད་རིགས་སློབ་ཕྲུག་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་གནང་འདུག
དེ་ཡང་ཐེངས་འདིའི་ཟབ་སྦྱོང་ནང་ཅེ་ནཱེ་མངའ་ཁུལ་གྱི་བོད་རིགས་སློབ་ཕྲུག་བཅུ་དྲུག་མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་མཐོ་སློབ་ཁག་གི་ནང་འགྲིམ་བཞིན་པའི་བོད་རིགས་སློབ་ཕྲུག་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་དང་རྒྱུས་ལོན་ཤུགས་ཆེ་ཡོང་ཆེད་ཟབ་སྦྱོང་ཞིག་གོ་སྒྲིག་གནང་བ་ཞིག་དང་། ཐེངས་འདིའི་ཟབ་སྦྱོང་ཐོག་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སློབ་ཕྲུག་ཚོར་དབུ་མའི་ལམ་གྱི་འཕེལ་རིམ་སོགས་ཀྱི་སྐོར་གསུང་བཤད་དང་། རྒྱུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དང་། ཤཔ་ནམ་རི་སོར་སི་དགེ་རྩ་ཚོགས་པའི་ Shabnam Resources charitable trust འགན་འཛིན་སྐུ་ཞབས་ཧུ་བརྜ་ Hubert ལགས་དང་མཇལ་འཕྲད་ཀྱང་གནང་འདུག་པ་མ་ཟད། སློབ་ཕྲུག་རྣམས་ཀྱི་དོགས་དྲིར་ལན་འདེབས་གནང་ཡོད།
སྤྱིར་དེ་སྔོན་རྒྱ་གར་རྒྱལ་ས་ལྡི་ལི་དང་། བྷ་རོ་ཊ། སྦེང་ལོར་བཅས་ཀྱི་མཐོ་སློབ་ཁག་གི་ནང་འགྲིམ་བཞིན་པའི་བོད་རིགས་སློབ་ཕྲུག་རྣམས་ལ་ཟབ་སྦྱོང་གནང་ཡོད་པ་དང་། ད་ཐེངས་ཀྱི་ཟབ་སྦྱོང་དེ་ཉིད་ཐེངས་བཞི་པ་ཆགས་ཡོད་འདུག
ཉིན་གསུམ་རིང་གི་ཟབ་ཁྲིད་གནང་མཁན་ནི། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་། བསྟན་འཛིན་བྱམས་ཆེན་ལགས། དེ་བཞིན་བསྟན་འཛིན་བཀྲ་ཤིས་ལགས་བཅས་ཡིན་འདུག །