༢༠༡༠ ཟླ་ ༥ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༠ ཉིན་འདོན་སྤེལ་བྱས་པའི་ནིའུ་ཡོཀ་བདུན་རེའི་གསར་ཤོག་ (NEWSWEEK) ནང་། གསར་ཤོག་དེའི་གསར་འགོད་པ་སྐུ་ཞབས་ཇེར་རི་ཇོ་ (Jerry Guo) ལགས་ཀྱི་དྲི་བ་ཕུལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་མཛད་པ་རྣམས་གཤམ་གསལ།
དྲི་བ། བོད་ནང་དཔལ་འབྱོར་ཡར་རྒྱས་ཀྱིས་བོད་མི་ཚོར་ཕན་ཐོགས་བྱུང་ཡོད་དམ།
བཀའ་ལན། རྒྱ་མི་ཚོས་བོད་མིའི་ས་ཁུལ་ཁག་གཅིག་ནང་ཡར་རྒྱས་ཀྱིས་ཕན་ཐོགས་ཏན་ཏན་བྱུང་ཡོད། འོན་ཀྱང་ནུབ་ཕྱོགས་དཔལ་འབྱོར་ཚན་རིག་པ་ཚོས་དཔལ་འབྱོར་ཁེ་ཕན་ཆེ་བ་དེ་རྒྱ་མི་རིགས་ཚོར་ཐོབ་ཡོད་པ་ལས་བོད་པ་ཚོར་ཕན་ཐོགས་བྱུང་མེད་ཚུལ་བརྗོད་ཀྱི་འདུག གཞུང་ལམ་གསར་རྒྱག་དང་། མེ་འཁོར་ལྕགས་ལམ། གནམ་ཐང་། དེ་དག་གཞི་རྩའི་ཕན་ཐོགས་ཆེན་པོ་ཡོད་ཀྱང་མཐུན་འགྱུར་དེ་དག་བཟང་ངན་གྱི་ལངས་ཕྱོགས་ཇི་འདྲ་ཞིག་ལ་བེད་སྤྱོད་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ཐག་གཅོད་ཅིག་རེད།
དྲི་བ། རྒྱ་ནག་གཞུང་གིས་བོད་མི་ཚོར་སྡོད་གནས་གསར་རྒྱག་གི་ལས་གཞིའི་ཐོག་ཨ་སྒོར་ས་ཡ་ ༥༠༠ ཙམ་འཚོ་སྣོན་གྱི་རོགས་དངུལ་སྤྲོད་བཞིན་ཡོད། ཕྱི་ཚུལ་ནས་བལྟས་ན་དེ་ཡར་རྒྱས་ཀྱི་རྣམ་པ་ཞིག་མི་མངོན་ནམ།
བཀའ་ལན། ལས་གཞི་དེ་ཧ་ཅང་རྩོད་རྙོག་ཅན་ཞིག་རེད། ལོ་གསུམ་གྱི་སྔོན་ལ་གྲྭ་པ་གཅིག་ལྷ་སའི་ཉེ་འགྲམ་དུ་ཡོད་པའི་རང་གི་ཁྱིམ་དུ་ལོག་ནས་སྡོད་སྐབས་ཉིན་གཅིག་མི་མང་འདུ་འཛོམས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པར་བསྐྱོད་ཡོད། སྐབས་དེར་གྲོང་སྡེའི་འགོ་ཁྲིད་དེས་གྲོང་མི་ཚོར་གཏམ་བཤད་བྱས་པའི་ནང་གུང་ཁྲན་ཏང་དང་ཀྲུང་དབྱང་གིས་རོགས་རམ་ཧ་ཅང་ཤུགས་ཆེ་གནང་བར་བརྟེན་ད་ཆ་ང་ཚོ་གྲོང་མི་ཚོར་སྡོད་ཁང་གསར་པ་དང་། མི་ཚེ་བདེ་སྐྱིད་ལྡན་པ་ཡོད་སྐོར་གྱི་གཏམ་བཤད་བྱས་ཡོད། ཉིན་གཅིག་གཉིས་ཙམ་གྱི་རྗེས་གྲྭ་པ་དེས་འགོ་ཁྲིད་དེའི་ནང་དུ་ཕྱིན་ནས་དངོས་ཡོད་གྲོང་མི་ཚོའི་གནས་སྟངས་ཇི་ཡིན་དྲིས་པར། འགོ་ཁྲིད་དེས་རྒྱ་ནག་གཞུང་གིས་སྤྲད་པའི་རོགས་དངུལ་དེ་དག་གི་འདང་གི་མེད་པར་བརྟེན་མི་མང་ཚོས་བུ་ལོན་གཡར་དགོས་པ་ཆགས་ཡོད་པ་དང་། བུ་ལོན་དེ་དག་གང་འདྲ་བྱས་ནས་འཇལ་དགོས་བསམ་པའི་མི་ཚང་མ་དངངས་འཚབ་ངང་གནས་བཞིན་ཡོད་སྐོར་བརྗོད་འདུག འདི་ག་རྡ་སར་བོད་ནས་བོད་མི་སྟོང་ཕྲག་བརྒྱ་སྐོར་ཙམ་བསླེབས་པའི་ནང་ནས་འགའ་རེ་བོད་དུ་ཕྱིར་ལོག་བྱེད་ཀྱི་ཡོད། བོད་མི་བསླེབས་པ་དེ་དག་བོད་ཀྱི་ས་ཁུལ་ཚང་མ་ནས་ཡོང་བ་ཞིག་རེད། བོད་མི་དེ་དག་ཚང་མས་བོད་ནང་གི་འཚོ་བའི་གནས་སྟངས་དཀའ་ངལ་ཡོད་ཚུལ་གྱི་སྡུག་སྐད་རྒྱག་གི་འདུག
དྲི་བ། རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས་ད་བར་སྤྱི་ཚོགས་དང་འབྲེལ་བའི་འཆར་འགོད་ལས་རིགས་གཞི་རྒྱ་ཆེ་ཤོས་ཤིག་ལག་བསྟར་བྱེད་མུས་ཡིན། ལས་གཞི་དེའི་ནང་མི་གྲངས་ས་ཡ་གཅིག་དང་བོད་མི་འབྲོག་པ་ཚོར་གཞིས་ཆགས་བསྐྱར་འཛུགས་བྱེད་རྒྱུ་ཡིན་པ་དེའི་ཐོག་ལ་དགོངས་ཚུལ་ཇི་ཡོད་དམ།
བཀའ་ལན། བོད་པའི་འབྲོག་པ་ཚོར་ལོ་ངོ་སྟོང་ཕྲག་རིང་ནས་འཚོ་ཐབས་དང་མཐུན་པའི་ལེགས་བྱང་ཞིག་ཡོད། ཐོག་མའི་ཆར་རྒྱ་ནག་གཞུང་གིས་འབྲོག་པ་ཚོར་འཚོ་སྣོན་གྱི་དངུལ་ཕྲན་བུ་སྤྲད་པར་ཁོང་ཚོ་དགའ་པོ་ཡོང་ནའང་། དངུལ་ཕྲན་བུ་སྤྲད་པ་དེ་དག་རྫོགས་མཚམས་དངུལ་འཕར་མ་གསོག་རྒྱུར་ཐབས་ལམ་གང་ཡང་མེད། ཁོང་ཚོར་འཚོ་ཐབས་གསར་པ་ཞིག་གི་ལམ་ནས་མི་ཚེའི་མདུན་ལམ་འཚོལ་རྒྱུར་ཉམས་མྱོང་གང་ཡང་མེད། དེར་བརྟེན་ད་ཆ་འབྲོག་པ་ཚོར་ཧ་ཅང་དཀའ་ངལ་ཆེ་བའི་གནས་སྟངས་ནང་ལྷུང་བཞིན་ཡོད།
དྲི་བ། ཕྱི་ཟླ་ ༤ ནང་མཐོ་སྒང་བོད་ཤར་ཕྱོགས་ས་ཁུལ་དུ་ས་ཡོམ་བརྒྱབ་པ་དེས་རྒྱ་ནག་མི་མང་ནས་སྔར་ལས་མང་བས་བོད་ཀྱི་ལས་འགུལ་དེར་ཤ་ཚ་ཡོང་གི་རེད་བསམ་པའི་དགོངས་ཚུལ་ཡོད་དམ།
བཀའ་ལན། གྲྭ་པ་ཚོས་ཁང་པའི་རྩིག་རྡོའི་གསེང་ནས་མི་ཞིག་མཐོང་ཡོད། ཁོང་ཚོས་མི་དེ་རྩིག་རྡོའི་གསེང་ནས་འཐེན་གྲབས་བྱེད་སྐབས། ལམ་སེང་རྒྱ་མིའི་དམག་མི་ཚོ་ཡོང་ནས་གྲྭ་པ་ཚོ་འབུད་རྒྱག་བརྒྱབ། དེ་ནས་དམག་མི་དེ་ཚོས་མི་དེ་ཡར་འཐེན་བཞིན་པའི་པར་མང་པོ་བརྒྱབ་བཅུག་འདུག་པའི་གནས་ཚུལ་དེ་རིགས་བྱུང་བ་ནི་ཧ་ཅང་ཐབས་སྡུག་རེད། འོན་ཀྱང་རྒྱ་ནག་མི་མང་ཚོའི་ངལ་སེལ་རོགས་སྐྱོབ་ཀྱི་ལས་གཞིར་རྒྱབ་སྐྱོར་བྱེད་རྒྱུའི་སྙིང་རུས་དེ་ཡང་དག་པ་རེད། ད་ཆ་ཁོང་ཚོར་ཡར་རྒྱས་མེད་པའི་གནས་སྟངས་སྐྱོ་བོ་ཞིག་གི་ནང་ཡོད་པའི་བོད་མིའི་སྡོད་གནས་ས་ཁུལ་ངོ་མ་དེ་དག་མཐོང་རྒྱུའི་གོ་སྐབས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་སྟངས་འཛིན་ཇི་འདྲ་བྱེད་མིན་ལ་རག་ལུས་ཡོད།
དྲི་བ། སྐུ་ཉིད་ཀྱིས་མི་རབས་གསར་པའི་རྒྱ་ནག་འགོ་ཁྲིད་ཚོར་ཐུགས་རེ་ཡོད་དམ།
བཀའ་ལན། ཧུའུ་ཅིན་ཐའོ་རྒྱ་ནག་སྲིད་འཛིན་ཆགས་སྐབས་རེ་བ་བྱུང་བ་རེད། ད་ཆ་རེ་བ་དེ་རྫོགས་པ་རེད། ད་ཆ་མི་ཐོག་ལྔ་པ་སླེབས་ཀྱི་ཡོད། ངོས་ཀྱི་བསམ་པར་སྲིད་འཛིན་ཧུའུ་ཅིན་ཐའོས་སྤྱི་ཚོགས་འཆམ་མཐུན་ཐོག་ཤུགས་བརྒྱབ་པ་དེ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་ད་ཆ་མེ་མདའ་དང་། བཙོན་འཇུག་ཐོག་སྤྱི་ཚོགས་བརྟན་ལྷིང་དང་། སྤྱི་ཚོགས་འཆམ་མཐུན་ཞིག་ཡོང་བ་བྱེད་དགོས་པ་ནི་ཐབས་ལམ་ནོར་བ་ཞིག་ཡིན། ངོས་ཀྱིས་མི་རབས་རྗེས་མ་ཚོས་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་འཆར་གཞི་མགོ་བརྩམས་པ་དེ་བསྒྲུབ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། གུང་ཁྲན་གྱི་ཚོགས་མི་མང་པོ་ཞིག་ཕྱི་ཚུལ་ནས་ཆོས་ཁས་མི་ལེན་མཁན་ཡིན་པའི་རྣམ་པ་ཡོད་ཀྱང་། ནང་གི་བསམ་ཕུགས་དེར་ནང་ཆོས་ལ་དད་པ་ཡོད། གུང་ཁྲན་ཟོག་པོ་དེ་འདྲ་ཡོད། ལས་བྱེད་མཐོ་གྲས་འགའ་ཤས་ཀྱི་ལག་ཐོགས་ཁ་པར་ནང་ངོས་ཀྱི་འདྲ་པར་ཉར་མཁན་དེ་འདྲ་ཡོད། ཁོང་ཚོས་ཕྱི་ཚུལ་དུ་ངོས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ནའང་སེམས་ནང་དེ་འདྲ་མེད།
དྲི་བ། ལས་བྱེད་པ་དེ་ཚོས་གཅིག་བྱས་ན་ལྐོག་ནས་སྐུ་ཉིད་ལ་རྒྱབ་སྐྱོར་ཞུ་མཁན་དེ་འདྲ་སུ་བྱུང་ཡོད་དམ།
བཀའ་ལན། དེ་གསང་བ་རེད། ཅེས་ཞལ་ཤོབ་མཛད། རྒྱ་མིའི་ལས་བྱེད་པ་ཚོའི་ནང་དེ་འདྲ་བྱུང་བ་རེད།
དྲི་བ། བོད་ནང་འགྱུར་བ་མ་བྱུང་ཚེ་ལས་འགུལ་དེ་མཐའ་མ་སྟོང་འགྲོ་རྒྱུ་ཡིན་ནམ།
བཀའ་ལན། ངོས་ཀྱིས་དེ་འདྲ་རེད་བསམ་གྱི་མེད། ལོ་ ༦༠ ཉམས་མྱོང་ལ་གཞིགས་སྐབས་བོད་མིའི་སྙིང་སྟོབས་དེ་ལས་སླ་པོར་ཡལ་ཐུབ་ཀྱི་མ་རེད། བོད་མིའི་སྙིང་སྟོབས་ཧ་ཅང་ཤུགས་ཆེན་པོར་གནས་ཡོད་ཅེས་བཀའ་ལན་མཛད་ཡོད།།