༢༠༡༦ ཟླ་ ༡ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལྕམ་སྐུ་ཚའི་ཨིང་ཝིན་ Tsai Ing-wen མཆོག་ལ་ཐེངས་འདིར་ཐེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་ནས་ཡུལ་དེའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲི་ཞུས་ཡོད།
ལྕམ་སྐུ་ཚའི་ཨིང་ཝིན་མཆོག་ནི། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། ཉེ་ལམ་ཐེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་ལྕམ་སྐུ་མཆོག་གི་མང་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཤུགས་ཆེ་ཐོབ་སྟེ་གྲོས་ཚོགས་དང་སྲིད་འཛིན་གྱི་འོས་བསྡུ་གཉིས་ཀའི་ནང་གོ་མིན་ཏང་གཞུང་འཛིན་པའི་ཆབ་སྲིད་ཚོགས་པར་ཕམ་ཉེས་ཆེན་པོ་བཏང་ཡོད།
དེ་ཡང་ཐེངས་འདིར་སྲིད་སྐྱོང་མཆོག་གིས་ཐེ་ཝན་སྲིད་འཛིན་དུ་འོས་འདེམས་བྱུང་བ་ལྕམ་སྐུ་ཚའི་ཨིང་ཝིན་མཆོག་ལ་འཚམས་འདྲི་ཞུས་པའི་ནང་འཁོད་དོན། སྐུ་ཉིད་མཆོག་དང་སྐུ་ཉིད་མཆོག་གི་མང་གཙོ་ཡར་ཐོན་ཚོགས་པར་ཉེ་ལམ་ཐེ་ཝན་སྲིད་འཛིན་དང་གྲོས་ཚོགས་ཀྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཆེན་པོ་ཐོབ་པར་ངོས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་དང་སྐུ་ཉིད་མཆོག་གི་ཆབ་སྲིད་ཚོགས་པར་ཞེ་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
རྒྱལ་ཁ་འདིས་ཐེ་ཝན་ནང་མང་གཙོའི་ལམ་ལུགས་སྲ་བརྟན་ཐོག་མུ་མཐུད་གནས་ཡོད་པའི་རྣམ་པ་མཚོན་པ་གསལ་སྟོན་བྱས་པ་ཙམ་དུ་མ་ཟད། བོད་མི་ཚོ་ལའང་སྙིང་སྟོབས་ལྷག་པར་སྤེལ་གཞི་ཞིག་ཏུ་གྱུར་ཡོད། སྐུ་ཉིད་མཆོག་གི་ཆོད་སེམས་དང་འཆར་སྣང་། དེ་བཞིན་ཐེ་ཝན་མང་ཚོགས་ཀྱི་བདེ་དོན་ཆེད་ཞབས་ཞུ་བསྒྲུབ་རྒྱུའི་ལྷག་བསམ་བཅས་ལ་མང་མོས་རྒྱབ་སྐྱོར་ཐོབ་པ་ཞིག་རེད།
ཐེངས་འདིར་སྐུ་ཉིད་མཆོག་གིས་ཐེ་ཝན་ནང་བུད་མེད་ཀྱི་སྲིད་འཛིན་ཐོག་མའི་ཆབ་སྲིད་ཀྱི་འགན་དབང་བཞེས་རྒྱུར་མངོན་དུ་ཕྱོགས་པའི་སྐབས་འདིར་ངོས་ཀྱིས་སྐུ་ཉིད་མཆོག་གི་ལས་དོན་གང་ཅིའི་ཐད་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད། སྐུ་ཉིད་མཆོག་ཡུན་རིང་ནས་བོད་མིར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པའི་ངོས་ནས་བོད་ནང་དུ་རྒྱ་ནག་གཞུང་གིས་དབང་སྒྱུར་འོག་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་སེམས་འཚབ་ཆེན་པོའི་ཚོར་ཤུགས་ཡང་ཡང་བཏོན་གནང་བ་དེར་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་སྐུ་ཉིད་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་གྱི་ལས་ཡུན་སྐབས་བོད་ཀྱི་གནད་དོན་ཞི་བའི་ལམ་ནས་གསལ་ཐུབ་ཆེད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ཞེས་འཁོད།།