༢༠༡༦ ཟླ་ ༡ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༡ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉི་ཧོང་འཕྲུལ་རིག་བསྟི་གནས་ཁང་གྲགས་ཅན་ Chiba Institute of Technology ནང་དུ་དགེ་སློབ་ལས་བྱེད་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་ཡོད།
སྐབས་དེར་སྲིད་སྐྱོང་མཆོག་ནས་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྐྱེན་བོད་མི་རྣམས་བཙན་བྱོལ་དུ་གྱར་དགོས་བྱུང་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བཙན་བྱོལ་ནང་དུ་བོད་མིའི་སྒྲིག་འཛུགས་ཆེད་འཛུགས་མཛད་པ་མ་ཟད། ད་ཆ་སྒྲིག་འཛུགས་དེས་བོད་ནང་རང་དབང་བསྐྱར་གསོ་ཐུབ་ཐབས་ཆེད་འབད་བརྩོན་ཞུ་མུས་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ཐོག་བདག་དབང་ཡོད་ཚུལ་བཤད་པ་དང་། བོད་དེ་བཞིན་བྲན་གཡོག་ལམ་ལུགས་ནས་བཅིངས་བཀྲོལ་བཏང་ཡོད་སྐོར། དེང་སྐབས་བོད་ནང་འཛུགས་སྐྲུན་ཡར་རྒྱས་སྔར་ལས་ཆེ་རུ་བཏང་ནས་བོད་མི་རྣམས་གསེར་གྱི་དུས་སྐབས་ཤིག་ནང་རོལ་བཞིན་ཡོད་སྐོར་གྱི་འཁྱོག་བཤད་སྣ་ཚོགས་བྱས་དང་བྱེད་མུས་ཡིན་སྐོར་གསུངས་པ་མ་ཟད། དེ་སྔ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་ཙམ་དུ་མ་ཟད། ལོ་ངོ་ཉིས་སྟོང་གི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་ནི། དཔེར་ན། ཕྱི་ལོ་ ༨༢༡ ལོར་བོད་དང་རྒྱ་ནག་དབར་ཞི་བའི་ཆིངས་ཡིག་བཞག་པའི་རྡོ་རིང་དེང་སྐབས་སུའང་མཐོང་རྒྱུ་ཡོད་པ་མ་ཟད། ལོ་རྒྱུས་ཀྱི་དཔང་རྟགས་དེ་དག་ལ་གཞི་བཅོལ་ནས་རྒྱ་རིགས་བྱུང་རབས་ལོ་རྒྱུས་སྨྲ་བ་འགའ་རས་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཐོག་ལོ་རྒྱུས་ཀྱི་འཁྱོག་བཤད་བྱས་དང་བྱེད་བཞིན་པ་དེ་དག་ནོར་བ་རེད། ཅེས་སྐྱོན་བརྗོད་བྱེད་མཁན་ཡང་བྱུང་ཡོད། ཅེས་གསུངས།
ལྷག་པར་སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གིས་བོད་ས་བཙན་བཟུང་མ་བྱས་པའི་གོང་ནས་བོད་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པའི་མཚོན་དོན་མང་དག་ཅིག་ཡོད་ཁོངས་ནས་བོད་པར་མངའ་དབང་ལྡན་པའི་སྲིད་གཞུང་དང་སྦྲག་ཐམ། ཤོག་དངུལ། ཁྲིམས་ཞིབ་ལྷན་ཁང་སོགས་ཡོད་པ་གསལ་བཤད་གནང་རྗེས་རྒྱ་ནག་གཞུང་གིས་བོད་ཞི་བས་བཅིང་བཀྲོལ་བཏང་ཡོད་ཚུལ་འཁྱོག་བཤད་བྱས་པ་དེར་གསལ་བཤད་གནང་དོན། རྒྱ་ནག་གཞུང་གིས་བོད་སར་དབང་སྒྱུར་བྱས་པ་དེ་ཞི་བའི་བཅིང་བཀྲོལ་བཏང་བ་ཞིག་རྩ་བ་ཉིད་ནས་མིན་པར་དམག་མིས་དྲག་ཤུགས་ཐོག་བཙན་འཛུལ་བྱས་པ་ཞིག་ཡིན། སྤྱིར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ནང་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་རྒྱ་ནག་བཅིང་བཀྲོལ་དམག་མིས་བོད་མི་སྟོང་ཕྲག་མང་པོ་དམར་བསད་བཏང་བ་སོགས་ལ་བརྟེན། ཕྱི་ལོ་ ༡༩༦༣ ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཡིག་འབྲུ་ཕྲི་བདུན་གྱི་ཞུ་སྙན་ཞིག་ཏང་གི་གཙོ་འཛིན་མའོ་ཙེ་ཏུང་ལ་ཕུལ་བ་བརྒྱུད་བོད་ནང་དུ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད། ཅེས་གསུངས་པ་དང་སྦྲགས་སྲིད་སྐྱོང་མཆོག་གིས་དེང་སྐབས་བོད་ཀྱི་འཁྱགས་རོམ་དེ་དག་གོ་ལའི་ཚ་དྲོད་འཕེལ་བཞིན་པའི་ཤུགས་རྐྱེན་འོག་ཞུ་ཚད་མྱུར་དུ་འགྲོ་བཞིན་ཡོད་སྟབས།་འབྱུང་འགྱུར་འཐུང་ཆུའི་ཐོག་དམག་འཐབ་ཤོར་ཉེན་ཡོད་པའི་གནས་སྟངས་ཐོག་སེམས་འཚབ་ཡོད་སྐོར་གསུངས།
དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་ནང་དུ་རྒྱལ་གཅེས་པ་གྲངས་ ༡༤༢ གྱིས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་སྒྲ་བསྒྲགས་བཞིན་དུ་རང་ལུས་མེར་སྲེག་བཏང་ཡོད་པར་བརྟེན། རྒྱལ་གཅེས་པ་ཁོང་རྣམས་ལ་གུས་འདུད་ཞུས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་རྣམས་ལ་རང་ལུས་མེར་སྲེག་གིས་གཙོས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས། ཞེས་ཡང་ཡང་འབོད་སྐུལ་ཞུ་བཞིན་ཡོད་ནའང་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༤༢ རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་སྟབས། དེང་སྐབས་སུའང་བོད་ནང་དུ་གནས་སྟངས་ཛ་དྲག་ཡོད་པ་དང་། གཞིས་ལུས་བོད་མི་ཚོས་༸གོང་ས་མཆོག་ལ་དད་གུས་ཧ་ཅང་ཞུ་བཞིན་ཡོད་པ་གསལ་པོར་མཚོན་ཐུབ། ཅེས་གསུངས། གཞན་ཡང་སྐབས་དེར་སྲིད་སྐྱོང་མཆོག་ནས་དེང་སྐབས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་བདུད་རེད། ལུག་ལྤགས་གྱོན་པའི་སྤྱང་ཁྱི་རེད། བཅས་གཞི་མེད་ཀྱི་སྒྲོ་བཀུར་སྣ་ཚོགས་ཞུ་བཞིན་ཡོད་ཀྱང་། ༸སྐུའི་ཡང་སྲིད་ཐོག་རྒྱ་ནག་གཞུང་ལ་བདག་དབང་ཡོད་ཚུལ་ངོ་ཚ་སྤངས་ཏེ་འཁྱོག་བཤད་སྣ་ཚོགས་བྱས་དང་བྱེད་མུས་ཡིན་པ་དེ་ནི་ཧ་ཅང་ཡ་མཚན་ཞིག་ཡིན་སྐོར་གསུངས། དེ་རྗེས་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་རྣམས་ཀྱི་དྲི་བར་ལན་འདེབས་གནང་། སྤྱིར་ཆི་བཱ་འཕྲུལ་ལས་གཙུག་ལག་སློབ་གཉེར་ཁང་དེས་རྒྱ་གར་ནང་ཡོད་པའི་བོད་པའི་སློབ་ཕྲུག་གྲངས་ལྔ་ལ་སློབ་ཡོན་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་དང་། སློབ་ཡོན་གྱི་གསལ་བསྒྲགས་དངོས་གཞི་རིང་མིན་གནང་རྒྱུ་ཡིན་འདུག་པ་བཅས། །