༢༠༡༦ ཟླ་ ༡ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉི་ཧོང་རྒྱལ་ས་ཊོག་ཁྱོའི་ནང་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་གསར་པར་འཚམས་གཟིགས་གནང་འདུག སྐབས་དེར་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་དང་འབྲེལ་ཡོད་ལས་བྱེད་བཅས་ཀྱིས་ཕེབསབསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
སྤྱིར་སྐུ་ཚབ་དོན་ཁང་གསར་པ་དེར་ཨ་སྒོར་ས་ཡ་གཅིག་འགྲོ་སོང་བཏང་ནས་སྤུས་གཟིགས་གནང་རྗེས་ཉམས་གསོ་གནང་ནས་ད་སྐབས་ལས་ཁུངས་གྲ་སྒྲིག་ཡོད་པ་ཞིག་ཏུ་འགྱུར་ཡོད། འགྲོ་སོང་དངུལ་འབོར་དེ་ནས་བརྒྱ་ཆ་ ༥༠ དགའ་ལྡན་ཕོ་བྲང་ནས་རོགས་དངུལ་གསོལ་རས་སྩལ་འདུག་པ་དང་། དེ་ཁྲོད་དངུལ་འབོར་ལྷག་མ་རྣམས་དོན་ཁང་དེ་བརྒྱུད་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་ཚོས་རོགས་རམ་གནང་བ་ཞིག་ཡིན་འདུག སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོ་ནས་འཛིན་སྐྱོང་དབུ་ཁྲིད་ཀྱི་ལས་འགན་རྐང་བཞེས་གནང་རྗེས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་ཐེངས་འདིར་ཉི་ཧོང་སྐུ་ཚབ་དོན་ཁང་བཅས་སྐུ་ཚབ་དོན་ཁང་གཉིས་སྤུས་གཟིགས་གནང་ཡོད།