༢༠༡༦ ཟླ་ ༡ ཚེས་ ༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བའི་ཉིན་གུང་ཆུ་ཚོད་ ༡ ཡོལ་ཙམ་ལ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨོ་བྷེ་རོ་ཡི་གསོལ་མགྲོན་ ཁང་ Oberoi hotel དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག མགོན་པོ་གང་ཉིད་མཆོག་གུང་གྲངས་ ༨༠ ཕེབས་པའི་གྱ་སྟོན་མཛད་སྒོ་སྲུང་བརྩི་ཞུ་སྐབས། ཐོག་མར་ལས་རིམ་གཙོ་སྐྱོང་བ་ལྕམ་སྐུ་ཀོ་མལ་ལགས་ཀྱིས་ Ms. Komal GB Singh བར་ལམ་༸གོང་ས་མཆོག་མཛད་འཕྲིན་ཧ་ཅང་ཆེ་བར་བརྟེན་༸གོང་ས་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེ་བའི་རྒྱ་གར་བ་ཚོས་ཕྱི་ལོ་ ༢༠༡༥ ཟླ་ ༧ ནང་༸གོང་ས་མཆོག་གུང་གྲངས་ ༨༠ ཕེབས་པའི་གྱ་སྟོན་སྲུང་བརྩི་ཞུ་རྒྱུའི་བསྐལ་བཟང་གི་གོ་སྐབས་བྱུང་མེད་སྐོར་ངོ་སྤྲོད་ཞུས་པ་དང་སྦྲགས། མཛད་སྒོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨ་ནལ་ཇི་ཏི་སིངྒ་ Mr Analjit Singh མཆོག་ལ་མཛད་སྒོ་ངོ་སྤྲོད་གནང་དགོས་པའི་ལམ་སྟོན་ལྟར་ཁོང་གིས་ངོ་སྤྲོད་ཞུས། དེ་རྗེས་སྐུ་ཞབས་རཱམ་ཇེ་ཐི་མ་ལ་ནི་ Ram Jethamalani མཆོག་གིས་གསུང་དོན། ང་རང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྟོད་བཀུར་བསྔགས་གསུམ་ཞུ་མཁན་གྱི་མི་ཞིག་ཡིན། ཁོང་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་བཀའ་དགོངས་གཞིར་བཟུང་ཉམས་བཞེས་མཛད་མཁན་གྱི་དཔེ་མཚོན་ཞིག་ཡིན། ཞེས་གསུངས།
དེ་བཞིན་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་ཨེལ་ཀེ་ཨ་ཌི་ཝ་ནི་ Lal Krishna Advani མཆོག་གིས་གསུང་དོན། ལོ་ཤས་གོང་ང་རང་རི་ཤི་ཀེ་ཤིར་གནས་མཇལ་དུ་༸གོང་ས་མཆོག་དང་ལྷན་དུ་ཡོད་སྐབས། ༸གོང་ས་མཆོག་གིས་ཧིན་དུའི་བླ་མ་ཆེ་ཆུང་སུ་འདྲ་ཞིག་ཡིན་རུང་ཨོག་ཚོམ་ཡོད་ཚེ་འཐེན་རྐྱང་མཛད་ཀྱི་འདུག དེར་ང་རང་ཧོན་འཐོར་སོང་། འོན་ཀྱང་ཚང་མས་དགའ་མོས་ཐོག་ནས་མོས་མཐུན་ཞུ་བཞིན་འདུག དེ་ནི་ཁོང་གིས་སུ་གཅིག་ལའང་གནོད་འཚེ་བྱ་རྒྱུའི་ཀུན་སློང་རྩ་བ་ནས་མ་འཆང་བས་རེད། ཅེས་གསུངས།
གཞན་ཡང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་སཏྱར་ཐི་ Kailash Satyarthi མཆོག་གིས་གསུང་དོན། ངས་༸གོང་ས་མཆོག་གི་དགོངས་བཞེད་དེ་སྙིང་སྟོབས་དང་། བྱམས་བརྩེ། ཆོད་སེམས། བྱིས་པའི་ངང་ཚུལ། བཅས་སྐུའི་ཆེ་བའི་ཡོན་ཏན་བཞིའི་ཐོག་ཕྱོགས་བསྡོམས་བརྒྱབ་ནས་ཞུ་རྒྱུ་ཡིན། དང་པོ་དེ་བཟང་སྤྱོད་དང་ཆོད་སེམས། བྱམས་བརྩེ་སོགས་ལ་བརྟེན་ནས་འཁྲུངས་པའི་ཐུགས་རྒྱུད་ཀྱི་སྙིང་སྟོབས་རེད། དེ་ལྟ་བུའི་སྙིང་སྟོབས་ཀྱི་ས་བོན་དེ་ང་ཚོ་ཚང་མའི་རྒྱུད་ལ་ཡོད། ངས་ཀྱང་༸གོང་ས་མཆོག་ལྟར་བྱམས་བརྩེ་གོང་སྤེལ་གཏོང་རྒྱུ་དེ་ངའི་མི་ཚེའི་དོན་གྱི་སྙིང་པོར་ངོས་འཛིན་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན། བྱིས་པའི་ངང་ཚུལ་ཞེས་པ་དེ་ལོ་ནའི་བབ་ནས་ཞུ་ཡི་མེད། ༸གོང་ས་མཆོག་གིས་འཇིག་རྟེན་ཀུན་ལ་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཀྱི་གཟིགས་ཚུལ་དེར་ཞུ་བཞིན་ཡོད། ཅེས་གསུངས།
ཕྱོགས་མཚུངས་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་ཤར་མི་ལ་ཊ་གོར་ Sharmila Tagore ལགས་ཀྱིས་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པ་ནས་བཏུས་ཏེ་གསུང་དོན། ལྷ་ཁང་དང་ལྟ་གྲུབ་མགོ་ཉོག་ཚ་པོ་དེ་འདྲའི་དགོས་པ་གང་ཡང་མེད། ང་ཚོར་ཡོད་པའི་ཀླད་པ་དང་སྙིང་འདི་ང་ཚོའི་ལྷ་ཁང་ཡིན། བྱམས་བརྩེ་དེ་ང་ཚོའི་ལྟ་གྲུབ་ཡིན། ཞེས་སྒྲོགས་སྦྱང་ཞུས། དེ་ནས་རྒྱ་གར་གྱི་གནའ་བོའི་སྒྱུ་རྩལ་ཐོག་མཁས་ལས་པ་ལྕམ་སྐུ་ཀ་པི་ལ་ཝཏ་སཱ་ཡན་ Dr.Kapila Vatsyayan མཆོག་གིས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུ་སྐབས། ༸གོང་ས་མཆོག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བསླབ་བྱ་དེ་དག་རྒྱ་གར་ནང་སླར་གསོ་མཛད་པ་མ་ཟད། ༸གོང་ས་མཆོག་གིས་གཞན་ཕན་དང་བྱམས་བརྩེའི་ཉམས་ལེན་གོང་ཐོར་གཏོང་གནང་མཛད་པར་བསྔགས་བརྗོད་ཞུས།
དེ་བཞིན་རྒྱལ་རབས་ལོ་རྒྱུས་སྨྲ་བའི་མཁས་དབང་སྐུ་ཞབས་རཱ་མཱ་ཅནྡྲན་གུ་ཧ་ Ramachandra Guha ལགས་ཀྱིས་གསུང་དོན། ངས་དེ་སྔ་༸གོང་ས་མཆོག་གི་༸ཞལ་མཇལ་ཐོབ་མྱོང་མེད། འོན་ཀྱང་ང་རང་སྡེ་ར་ལྡུན་ནང་འཚར་ལོངས་བྱེད་སྐབས་ཁུལ་དེར་བོད་མི་མང་པོ་ཡོད། དེར་བརྟེན་བོད་མི་དེ་དག་བརྒྱུད་ནས་ངས་༸གོང་ས་མཆོག་གི་སྐོར་ལ་རྒྱུས་མངའ་ཡོད། མེས་པོ་དམ་པ་གཱན་དིའི་ཚ་བོ་སྐུ་ཞབས་རཱམ་ཅནྡྲཱ་གཱན་འདིས་ངར་༸གོང་ས་མཆོག་གི་སྐོར་ལ་གསུང་སྐབས། ༸གོང་ས་མཆོག་ནི་མེས་པོ་དམ་པ་གཱན་དི་ལྟར་མཐའ་གཅིག་ཏུ་འཚེ་མེད་ཞི་བ་དང་། ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་ཆེད་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་མཁན་ཞིག་དང་། དཀའ་རྙོག་ཇི་འདྲ་ཞིག་འཕྲད་ཀྱང་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་མཛད་མཁན་ཞིག་ཡིན་པ་མ་ཟད། ༸གོང་ས་མཆོག་གིས་འགྲོ་བ་ཀུན་ལ་བྱམས་བརྩེས་གཟིགས་བཞིན་ཡོད་སྟབས། ཆོས་ལུགས་དང་རིགས་རུས། དབུལ་ཕྱུག་སོགས་ཀྱི་དབྱེ་བ་གང་ཡང་མེད་པར་མི་ཚང་མ་འདྲ་མཉམ་ཐོག་འཆམ་མཐུན་གྱི་སྤྱི་ཚོགས་ནང་གནས་དགོས་པའི་དགོངས་བཞེད་མཛད་མཁན་ཞིག་ཡིན་སྐོར།
དེ་རྗེས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀ་རན་སིངྒ་མཆོག་གིས། ཕྱི་ལོ་ ༡༩༥༦ ལོར་ཁོང་རང་ཉིད་ཐེངས་དང་པོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་པཎ་ཆེན་རིན་པོ་ཆེ་མཆོག་མཇལ་འཕྲད་བྱུང་བ་དྲན་གསོ་ཞུས་དོན། སྐབས་དེར་པཎྜི་ཏ་ནེ་རུ་མཆོག་ལྷན་བཅར་ཐོག་ཀྲའོ་ཨན་ལེས་ངར་༸གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་མཆོག་ངོ་སྤྲོད་གནང་བྱུང་། ༸གོང་ས་མཆོག་གིས་དུས་སྐབས་དཀའ་ངལ་ཆེ་ཆུང་ཇི་འདྲ་ཞིག་འོག་ཐུགས་ནམ་ཡང་གཡེལ་བ་མེད་པར་བཏང་སྙོམས་ངང་བོད་མིའི་འཐབ་རྩོད་ཀྱི་དབུ་ཁྲིད་ལམ་སྟོན་མཛད་པའི་འབྲས་བུར་བོད་མིའི་སྤྱི་ཚོགས་རྡོག་སྒྲིལ་པོའི་ངང་གནས་ཐུབ་པ་བྱུང་ཡོད། བཅས་གསུངས་རྗེས་ཁོང་གིས་ཐོག་མར་ཨིན་ཡིག་དང་དེ་ནས་ལེགས་སྦྱར་ནང་ཆེད་རྩོམ་གནང་བའི་རྩོམ་ཐུང་ཞིག་༸གོང་ས་མཆོག་ལ་སྙན་སྒྲོན་ཞུས།
དེ་བཞིན་སྐབས་དེར་ཨ་རུ་ནཱ་ཅལ་མངའ་སྡེ་ནས་ཡིན་པ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ཨར་ཀེ་ཀིར་མེ་ RK. Kirmey ལགས་ཀྱིས་༸གོང་ས་མཆོག་སྐུ་འཚོ་བཞུགས་རིང་ང་ཚོས་བོད་དོན་ཐོག་རྒྱབ་སྐྱོར་གནང་ཐུབ་པ་ཡིན་ན་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་རྒྱུ་ཡིན་པ་དང་། ༸གོང་ས་མཆོག་སྐུ་ཚེ་ཡུན་དུ་གནས་པ་དང་། ༸སྐུའི་འཕྲོད་བཞེས་གང་ལེགས་ཡོང་བའི་སྨོན་འདུན་ཡང་ཞུས་ཡོད།
ཁྱུག་ཙམ་རིང་གསོལ་ཇའི་བར་སེང་ཚར་རྗེས་སླར་ཡང་ཚོགས་ཁང་ནང་གྱ་སྟོན་མཛད་སྒོ་མུ་མཐུད་ནས་གསུང་བརྩི་ཞུ་སྐབས་རྒྱ་གར་གྱི་རོལ་མོའི་སྒྱུ་རྩལ་བ་སྐུ་ཞབས་ཨེམ་ཇེ་ཐི་ཨ་ལི་ཁཱང་ Ustad Amjad Ali Khan དང་ཁོང་གིས་སྲས་གཉིས་བཅས་ཀྱིས་རོལ་མོའི་ལམ་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་པར་ཚོགས་བཅར་བ་ཚང་མས་དགའ་བསུ་ཚད་མེད་ཞུས། དེ་ནས་ཁྲིམས་ལུགས་མཁས་དབང་སྐུ་ཞབས་ཕ་ལི་ན་རི་མན་ Fali Nariman ལགས་ཀྱིས་གསུང་དོན། ངས་༸གོང་ས་མཆོག་གི་༸སྐུའི་ཆེ་བའི་ཡོན་ཏན་གཉིས་ཙམ་ཞུས་ན། ཁོང་ནི་རང་གཅེས་འཛིན་གྱི་བློས་བཅིངས་ནས་ཐུགས་གཤིས་གུ་དོག་པོ་དེ་འདྲ་མིན་པར་ཐུགས་ཧ་ཅང་ཡངས་པོ་ཡོད། ཁོང་གིས་སུ་གཅིག་ལ་འཁོན་སེམས་འཆང་གནང་མཛད་ཀྱི་མེད། ཅེས་སོགས་གསུངས།།