༢༠༡༦ ཟླ་ ༡ ཚེས་ ༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་༸གོང་ས་མཆོག་ཧི་མཱ་ཅལ་མངའ་སྡེའི་རྡ་སའི་ཉེ་འགྲམ་གྷ་གལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་ཡང་༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༥ ནས་ ༧ བར་ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་མཛད་འཕྲིན་རྒྱ་ཆེ་བསྐྱངས།
ཕྱི་ཚེས་ ༨ ཉིན་༸གོང་ས་མཆོག་མོན་གྷོར་ཆིབས་སྒྱུར་བསྐྱངས་ནས་དགའ་ལྡན་ཁྲི་ཐོག་ཁང་དབུ་འབྱེད་རབ་གནས་མཛད་རྗེས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གསང་ཆེན་སྨད་རྒྱུད་གྲྭ་ཚང་དུ་༸ཞབས་སོར་བདེ་བར་འཁོད།
ཕྱི་ཚེས་ ༩ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་གི་སྔོན་འགྲོའི་སྟ་གོན་དང་འབྲེལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་དང་སྦྲགས་སྐུ་ཚེའི་མཛད་འགན་གཙོ་བོ་གསུམ་གྱི་སྐོར་བཀའ་སློབ་སྩལ།
ཕྱི་ཚེས་ ༡༠ ཉིན་༸གོང་ས་མཆོག་དབུ་བཞུགས་ཐོག་ཧོན་སུར་རབ་རྒྱས་གླིང་དུ་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༦ འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས།
ཕྱི་ཚེས་ ༡༡ ཉིན་ཧོན་སུར་སྨད་རྒྱུད་གྲྭ་ཚང་གི་འདུ་ཁང་ཆེན་མོའི་དབུས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་དཔལ་གསང་བ་འདུས་པའི་བཀའ་དབང་བཀའ་དྲིན་ཆེ་བ་སྩལ།
ཕྱི་ཚེས་ ༡༢ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་དད་ལྡན་མང་ཚོགས་རྣམས་ལ་སྨད་རྒྱུད་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་བཀའ་དྲིན་ཆེ་བ་སྩལ།
ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་ལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིས་བཀའ་དྲིན་རྗེས་དྲན་ཞུ་སླད། བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ཚེས་ ༡༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧོན་སུར་སྨད་རྒྱུད་གྲྭ་ཚང་ནས་རྒྱང་ཐག་སྤྱི་ལེ་ ༦༥ ཡོད་སའི་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་དུ་༸ཞབས་སོར་འཁོད།
ཕྱི་ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་མཆོག་སེ་ར་བླ་སྤྱིའི་ཚོགས་ཁང་དུ་ཏཱ་ལའི་བླ་མ་ཐེབས་རྩའི་མཐུན་འགྱུར་དང་སེམས་དང་སྲོག་བསྟི་གནས་ཁང་གིས་གོ་སྒྲིག་འོག ཕྱི་ཚེས་ ༡༤ ནས་ ༡༧ བར་སེམས་དང་སྲོག་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས།
ཕྱི་ཚེས་ ༡༥ ཉིན་སེར་སྨད་སྤོ་འབོར་ཁང་ཚན་འདུ་ཁང་གསར་པ་དབུ་འབྱེད་མཛད།
ཕྱི་ཚེས་ ༡༧ ཉིན་སེ་ར་བླ་སྤྱིའི་ཚོགས་ཆེན་ཁང་དུ་སེམས་དང་སྲོག་གི་མཇུག་བསྡོམས་མཛད་སྒོའི་ཐོག་བཀའ་སློབ་སྩལ།
ཕྱི་ཚེས་ ༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སེ་ར་བླ་སྤྱི་འདུས་མང་ཡོངས་དང་སྦེལ་ཀོབ་གཞིས་ཁོངས་ཀྱི་སེར་སྐྱ་ཐུན་མོང་ནས་གནས་བཅུ་ཆོ་གའི་སྒོ་ནས་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་རྟོགས་བརྗོད་མདུན་ལེགས་མའི་བཀའ་ཁྲིད་སྩལ།
ཕྱི་ཚེས་ ༡༩ ཉིན་༸གོང་ས་མཆོག་གིས་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་གསར་པ་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་ཟིན་པའི་དབུ་འབྱེད་རྟེན་འབྲེལ་གྱི་མཛད་སྒོའི་ཐོག་བཀའ་སློབ་དང་། ཕྱེད་ཡོལ་དུ་ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས་སྩལ།
ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་དད་ལྡན་ཆོས་ཞུ་བ་ཁྲི་ཕྲག་བརྒལ་བར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་དབུ་འཛུགས་མཛད།
ཕྱི་ཚེས་ ༢༢ ཉིན་༸གོང་ས་མཆོག་གིས་རྒྱ་ནག་སྐམ་ས་ཆེན་པོ་དང་ཧོང་ཀོང་། མ་ཁའོ་ནས་གསུང་ཆོས་སུ་ཆེད་བཅར་ཞུས་པའི་རྒྱ་རིགས་ཆོས་ཞུ་བ་གྲངས་ ༡༥༠ བརྒལ་བ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ།
ཕྱི་ཚེས་ ༢༨ ཉིན་༸གོང་ས་མཆོག་གིས་བྱེས་ཀྱི་ཆོས་གྲྭ་ཆེན་པོ་ བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་ལེགས་གྲུབ་མཛད་ཡོད།
ཕྱི་ཚེས་ ༣༠ ཉིན་༸གོང་ས་མཆོག་གིས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་སྩལ་ཡོད།
ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡ ཉིན་༸གོང་ས་མཆོག་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་ཆེ་སྩལ་དང་། མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་དུ་བརྟན་ཕྱིར་མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས།
ཕྱི་ཚེས་ ༢ ཉིན་༸གོང་ས་མཆོག་གིས་བྷེང་ལོར་དུ་རྒྱ་གར་གཞུང་ཞབས་པ་ཁག་གཅིག་ལ་བཀའ་སློབ་སྩལ།
ཕྱི་ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ཨོ་བྷེ་རོ་ཡི་གསོལ་མགྲོན་ཁང་ (Oberoi Hotel) དུ་༸གོང་ས་མཆོག་ལ་རྒྱ་གར་ཆབ་སྲིད་དང་ཆོས་ལུགས་སོགས་ལས་རིགས་འདྲ་མིན་གྱི་མི་སྣ་གྲགས་ཅན་ཁག་གཅིག་གིས་གྱ་སྟོན་སྲུང་བརྩི་ཞུས་པའི་མཛད་སྒོའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་སྩལ།
ཕྱི་ཚེས་ ༥ ཉིན་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་ནས་རེ་ཞིག་མཛད་འཕྲིན་ཁག་ལེགས་པར་མཇུག་སྒྲིལ་མཛད་པ་བཅས།།