༢༠༡༥ ཟླ་ ༡༢ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༥ རེས་གཟའ་པ་སངས་ཉིན་གུང་ཆུ་ཚོད་ ༡༢ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ལས་ཡོངས་ནས་ལས་བྱེད་གསོལ་ཚང་གི་གཉའ་ཁྲི་ཚོགས་ཁང་དུ་ཚང་འཛོམས་ཐོག ཉེ་ལམ་སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། མྱ་ངན་གུས་བཏུད་དང་སྦྲགས་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་མྱ་ངན་གུས་འདུད་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན།
དེ་རིང་འདིར་འཛོམས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་རང་དབང་ལྡན་པའི་སྡེ་ཚན་ཁག་གི་མཛད་གཙོ་རྣམ་པ་དང་། སྲི་ཞུ་ལས་བྱེད་པར་ཡོངས་ལ་སྙན་སེང་ཞུ་རྒྱུར།
བོད་ཀྱི་བསྟན་འགྲོ་སྤྱིའི་གོད་ཆག་ལྟ་བུར། ཉེ་ཆར་ཕྱི་ལོ་ ༢༠༡༥་ཟླ་ ༡༢ ཚེས་ ༢༣ སྔ་དྲོ་ཐོ་རེངས་ཕྱག་ཚོད་གཉིས་དང་ཕྱེད་ཀའི་ཐོག སྔ་འགྱུར་བསྟན་པའི་དབུ་ཁྲིད་ལས་ཐོག་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པར། བོད་མིའི་སྒྲིག་འཛུགས་སྤྱི་དང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཧ་ཅང་བློ་ཕམ་ངང་མྱ་ངན་གུས་བཏུད་ཞུ་གི་ཡོད།
དེ་བཞིན་༸སྐྱབས་རྗེ་བདེ་བར་གཤེགས་པ་དེ་ཉིད་ཀྱི་གཞིས་བྱེས་གཉིས་སུ་ཡོད་པའི་ཞལ་སློབ་ཡོངས་དང་། བླ་བྲང་དང་སྐུ་འཁོར་ཉེ་འབྲེལ། སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས། འཕགས་ཡུལ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྕོག་གིས་གཙོས་པའི་འབྲེལ་ཆགས་གཞིས་བྱེས་དགོན་ཁག་ཡོངས་བཅས་ལ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཅོས་མིན་ཐུགས་གསོ་ཞུ་གི་ཡོད།
༸སྐྱབས་རྗེ་བདེ་བར་གཤེགས་པ་དེ་ཉིད་ནི། ཐོག་མར་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱུང་བ་ནས་བཟུང་སྟེ་དགོངས་པ་ཆོས་དབྱིངས་སུ་མ་ཐིམ་བར། སྐུ་ཚེ་ཧྲིལ་པོ་བོད་ཀྱི་བསྟན་འགྲོའི་དོན་དུ་གཏོང་གནང་མཛད་ཡོད་པ་མ་ཟད། བསྟན་པ་སྤྱི་དང་ལྷག་པར་སྔ་འགྱུར་རྙིང་མའི་བསྟན་པ་ལ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་ཡོད་པས། རང་ཅག་ཡོངས་ནས་རྒྱུན་དུ་བཀའ་དྲིན་རྗེ་དྲེན་ཞུ་བ་དང་ཆབས་གཅིག ༸སྐྱབས་རྗེ་དམ་པ་དེ་ཉིད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་ཇི་ཡོད་རྣམས་ཡོངས་སུ་རྫོགས་པའི་སྨོན་འདུན་ཤུགས་དྲག་གནང་དགོས།
རང་ཅག་རྣམས་ནས་དད་པ་དང་། རྗེས་སུ་ཡི་རང་། སྨོན་ལམ་བཅས་ཞུ་ཐུབ་ཆེད་དུ། ༸སྐྱབས་རྗེ་དམ་པ་དེ་ཉིད་ཀྱི་མཛད་པ་རྣམ་པར་ཐར་པ་མདོར་བསྡུས་ཤིག བཀའ་དྲུང་ནས་ད་ལྟ་ཟུར་དུ་སྙན་སྒྲོན་ཞུ་གི་རེད། གསལ་བསྒྲགས་སོང་ཟིན་ལྟར། གཞུང་འབྲེལ་མྱ་ངན་གུས་བཏུད་མཚོན་བྱེད་དེ་རིང་ཉིན་རྒྱབ་ནས་ལས་ཁུངས་རྣམས་སྒོ་རྒྱག་གནང་རྒྱུ་ཡིན།
མཐའ་དོན། ༸སྐྱབས་རྗེ་བདེ་བར་གཤེགས་པ་དེ་ཉིད་ཀྱི་ཐུགས་དགོངས་ཟབ་མོ་ཞི་ཡོད་རྣམས་ཡོངས་སུ་རྫོགས་པ་དང་། སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་ཏེ། གོང་མའི་རྣམ་པར་ཐར་པ་བདག་གིར་བཞེས་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ། ཞེས་སྒྲོགས་སྦྱང་ཞུས། དེ་རྗེས་བཀའ་དྲུང་མཆོག་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་མཆོག་དམ་པ་དེ་ཉིད་ཀྱི་རྣམ་ཐར་སྒྲོགས་སྦྱང་ཞུས་པའི་ནང་གསལ།
སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་མཛད་པ་རྣམ་ཐར་མདོར་བསྡུས། སྔ་འགྱུར་བསྟན་པའི་གསལ་བྱེད་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། མཚན་དངོས་བཤད་སྒྲུབ་ཉིན་བྱེད་འཕྲིན་ལས་དབང་པོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་མེ་ཡོས་ཟླ་ ༣ ཚེས་ ༡༣ ཕྱི་ལོ་ ༡༩༢༧ ལོར་དབུས་གཙང་ཁུལ་ཡར་འབྲོག་སྣ་དཀར་རྩེར་ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྡོ་བྲག་རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་མཆོག་གིས་སྟག་ལུང་རྩེ་སྤྲུལ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དང་། དགུང་ལོ་ལྔ་པའི་ཐོག་ཡར་འབྲོག་སྟག་ལུང་རྩེ་གྲྭ་ཚང་དུ་གདན་ཞུས་ཀྱིས་ཆུ་བཟང་མཁན་ཆེན་པདྨ་ངེས་དོན་བསྟན་པའི་ཉི་མར་གཙུག་ཕུད་ཕུལ་ཞིང་། ཡོངས་འཛིན་ཐུབ་བསྟན་ཡེ་ཤེས་དང་ཐུབ་བསྟན་དབང་རྒྱལ་གཉིས་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་གསན་སྦྱོང་སློབ་གཉེར་གནང་འགོ་བཙུགས། དགུང་ལོ་བརྒྱད་པའི་ཐོག་ཐུབ་བསྟན་རྡོ་རྗེ་བྲག་མ་དགོན་དུ་ཆོས་ཞུགས་དང་ཁྲི་སྟོན་གནང་སྒོ་སོགས་རྒྱས་པར་གནང་ཞིང་། ཆོས་རྒྱལ་བྱང་པ་ཡབ་སྲས་ནས་བརྒྱུད་པའི་གར་དབྱངས་ཐིག་གསུམ། བཅའ་འབུད་རྡུང་གསུམ་སོགས་ཀྱི་ཕྱག་བཞེས་རྣམས་ལ་ལེགས་པར་སྦྱངས། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་དང་།
དེ་རྗེས་སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་བརྩེ་ནོར་བུ་རིན་པོ་ཆེའི་དྲུང་ནས་བསྙེན་རྫོགས་ཀྱི་བསླབ་སྡོམ་བཞེས་ཏེ་བསྟན་པའི་རྩ་ལག་ཏུ་གྱུར། དགུང་ལོ་བཅུ་བཞི་ཙམ་ནས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དང་མཁན་སློབ་བཅུ་ཕྲག་བརྒལ་བ་བསྟེན་ཏེ། བརྡ་སྤྲོད་སུམ་རྟགས་སོགས་ཐུན་མོང་རིག་གནས་དང་། ༸རྒྱལ་བའི་བཀའ་བསྟན་མདོ་སྔགས་གཞུང་ཆེན་སྤྱི་དང་། བྱེ་བྲག་སྔ་འགྱུར་རྙིང་མའི་བཀའ་གཏེར་སེམས་གསུམ་མན་ངག་དང་བཅས་པ་ཡང་སྒོས་རིག་འཛིན་རྒོད་ལྡེམ་གྱི་གཏེར་ཆོས་བྱང་གཏེར་ཞེས་ཡོངས་སུ་གྲགས་པའི་ཆོས་སྐོར་གྱི་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་གསན་བཞེས་མཛད་ནས་སྒྲུབ་པ་ཉམས་བཞེས་ལ་རྩེ་གཅིག་ཏུ་གཞོལ་བར་མཛད། དགུང་ལོ་ཉེར་གཉིས་ནས་ཐུབ་བསྟན་རྡོ་རྗེ་བྲག་གི་མཁན་ཚབ་ལོ་གཉིས་དང་། དགུང་ལོ་ཉེར་བཞིའི་ཐོག་ཐུབ་བསྟན་རྡོ་རྗེ་བྲག་གི་མཁན་པོར་བསྐོ་གཞག་བྱུང་བ་བཞིན་ལོ་གསུམ་ལྷག་རིང་མཁན་པོའི་འགན་ཁུར་བཞེས། ཕྱི་ལོ་ ༡༩༥༦ ལོར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་དྲན་མཛད་སྒོ་དང་བསྟུན། ཡབ་ཡུམ་ཉེ་འབྲེལ་རྣམས་དང་ལྷན་དུ་རྒྱ་གར་ལ་གནས་བསྐོར་དུ་ཕེབས་ཤིང་། ཕྱིར་ཕེབས་རྗེས་སྟག་ལུང་རྩེ་གྲྭ་ཚང་གསང་སྔགས་ཆོས་གླིང་དུ་བོད་ཁམས་སྤྱི་ལ་ཕན་པའི་སྐུ་རིམ་བཀའ་བརྒྱད་དྲག་པོ་རང་ཤར་གྱི་སྒྲུབ་ཆེན་འཚོགས་པའི་དབུ་བཞུགས་གནང་། ཕྱི་ལོ་ ༡༩༥༩ ལོར་སྐུ་འཁོར་ཁ་ཤས་དང་ལྷན་དུ་ལྷོ་བྲག་བརྒྱུད་འབྲུག་བུམ་ཐང་དུ་ཕེབས་ཤིང་། རིམ་གྱིས་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ནས་སྦག་སར་ཟླ་བ་གཅིག་ཙམ་བཞུགས་རྗེས་ཀ་ལོང་སྦུག་དང་འབྲས་ལྗོངས་སོགས་སུ་ཕེབས་བཞུགས་གནང་། དགུང་ལོ་སོ་དྲུག་ཐོག་རྡོ་རྗེ་བྲག་གི་དགོན་ལག་ལ་དྭགས་བྲག་ཐོག་དགོན་དུ་བྱང་གཏེར་གྱི་དབང་ལུང་དང་། ཆོ་ག་ཕྱག་བཞེས། དགུ་གཏོར་དང་ཚེས་བཅུ་གསར་འཛུགས་སོགས་མཛད།
ཕྱི་ལོ་ ༡༩༨༤ ལོར་འཕགས་ཡུལ་ཧི་མཱ་ཅལ་མངའ་སྡེ་སིམ་ལར། འཕགས་ཡུལ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྕོག་སྒར་གྱི་ཆོས་སྡེ་གཙུག་ལག་ཁང་རྟེན་དང་བརྟན་པ་གསར་བཞེངས་མཛད་དེ། བོད་དང་རྒྱ་བལ་འབྲས་འབྲུག་བཅས་ནས་འདུས་པའི་དགེ་འདུན་གྱི་འདུས་སྡེ་ལ་བྱང་གཏེར་གཙོ་བོར་གྱུར་བའི་བཤད་སྒྲུབ་འཆད་ཉན་དང་། ཆོས་རྒྱལ་བྱང་པ་ཡབ་སྲས་ཀྱི་ཕྱག་སྲོལ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་དྲི་མ་མེད་པ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་བའི་སྒོ་ནས་བྱང་གཏེར་བསྟན་པའི་མེ་རོ་གསོ་བར་མཛད།
རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཁོངས་སུ་སྔ་འགྱུར་རྡོ་བྲག་གསང་སྔགས་ཆོས་འཁོར་གླིང་རྟེན་དང་བརྟེན་པ་གསར་བཞེངས་དང་འབྲེལ་དབང་ལུང་སོགས་ཀྱི་བཀའ་དྲིན་ལན་མང་བསྐྱངས། དེ་བཞིན་ལ་དྭགས་བོད་མིའི་གཞིས་གྲོང་དུ་རྡོ་རྗེ་བྲག་གི་དགོན་ལག་རྟེན་དང་བརྟེན་པ་གསར་བཞེངས་མཛད། ཕྱི་ལོ་ ༢༠༡༢ ལོར་སྔ་འགྱུར་རྙིང་མའི་སྨོན་ལམ་ཐེངས་ ༢༣ པའི་ཐོག་སྤྱི་མོས་ཐག་གཅོད་བྱུང་བ་བཞིན། ཞེ་ཆེན་རབ་འབྱམས་རིན་པོ་ཆེས་དབུས་པའི་རྙིང་མའི་མ་དགོན་ཁག་གི་སྐུ་ཚབ་བླ་སྤྲུལ་རྣམ་པ་ལྔ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྙིང་མའི་སྤྱི་འཐུས་རྣམ་པ་གཉིས་བཅས་སྐུ་གམ་དུ་ཆེད་བཅར་གྱིས་གསོལ་འདེབས་ནན་ཞུ་གནང་བར་ཞལ་བཞེས་བཟང་པོ་ཐོབ་ཅིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་སྐོར་༸སྙན་གསེང་དང་འབྲེལ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཁྲིད་དུ་མངའ་གསོལ་ཞུས་པ་ནས་བཟུང་ཉེ་ཆར་བར་མཛད་ཁུར་བཞེས་མུས་ཡིན། རྗེ་འདི་ཉིད་ཀྱིས་བྱང་གཏེར་གཙོ་བོར་གྱུར་བའི་ཆོས་བཀའ་འཆད་སྤེལ་མཛད་ཚུལ་མདོར་བསྡུས་ནི་འབྲུག་བུམ་ཐང་ལྷོ་བྲག་ནམ་མཁའི་སྙིང་པོའི་དགོན་པ་དང་། འབྲས་ལྗོངས་གནམ་རྩེ། བྲག་དཀར་བཀྲ་ཤིས་ལྡིངས། རྡོ་རྗེ་གླིང་། ཤི་ལི་གུ་རི་འཁོར་གདོང་དགོན། བལ་ཡུལ་ཞེ་ཆེན་དགོན། ལ་དྭགས་བྲག་ཐོག་དགོན། ལ་དྭགས་བོད་མིའི་གཞིས་གྲོང་རྡོ་བྲག་དགོན། བལ་ཡུལ་ཡང་ལེ་ཤོད་ར་ལོའི་དགོན། ཤར་ཁུམ་བུ་ནགས་ཆེ་གསང་སྔགས་ཆོས་གླིང་། སྒང་ཏོག་དགོན་བྱང་དགོན། སིམ་ལ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྕོག བལ་ཡུལ་གཞལ་པ་དགོན། བལ་ཡུལ་མཁས་བཙུན་རིན་པོ་ཆེའི་དགོན་པ་སོགས་ལ་བྱང་གཏེར་གཙོ་བོར་གྱུར་པའི་དབང་ལུང་ཆོས་བཀའ་མང་དུ་གནང་ཞིང་། རྒྱ་གར་ལྷོ་ཕྱོགས་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་གླིང་དང་། འཕགས་ཡུལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གཉིས་སུ་རིན་ཆེན་གཏེར་མཛོད་ཀྱི་བཀའ་དབང་། དྷ་རམ་ས་ལ་གནས་ཆུང་གྲྭ་ཚང་དུ་གཡུ་ཐོག་སྙིང་ཐིག་གི་དབང་ལུང་རྒྱས་སྨིན། གཞན་ཡང་ཐེ་ཝན་དང་ཡོ་རོབ་སོགས་ཕྱི་རྒྱལ་ཡུལ་གྲུ་དུ་མར་ཕེབས་ཏེ་གདུལ་བྱའི་བློ་མོས་དང་འཚམས་པའི་ཆོས་བཀའ་ཅི་རིགས་འཆད་སྤེལ་མཛད་པ་སོགས་སྔ་འགྱུར་རྙིང་པའི་བསྟན་པ་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས།
ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༣ སྔ་དྲོ་ཐོ་རེངས་ཆུ་ཚོད་ ༢།༣༠ ཐོག་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་ཐུགས་དམ་ལ་བཞུགས་མུས། མཁས་གྲུབ་དུ་མས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་༸སྐྱབས་རྗེ་དམ་པ་དེ་ཉིད་ནི་སྟག་ལུང་རྩེ་སྤྲུལ་གྱི་སྐུ་ཕྲེང་གསུམ་པ་ཡིན་པ་དང་། སྐུ་ཕྲེང་དང་པོ་ཀུན་བཟང་ཆོས་སྐུ་ལ་རྡོ་བྲག་མཁན་ཆེན་ནམ་མཁའ་ཀློང་ཡངས་ཀྱིས་སྒྲུབ་བརྒྱུད་བསྟན་པའི་མེས་པོ་ལྷོ་བྲག་མར་པ་ལོ་ཙཱ་བ་ཆེན་པོའི་དངོས་སློབ་རྔོགཆོས་སྐུ་རྡོ་རྗེའི་སྐུ་སྐྱེ་ཡིན་པར་ངོས་འཛིན་མཛད་སྐོར་རྣམ་ཐར་དུ་གསལ། ༸སྐྱབས་རྗེ་དམ་པ་དེ་ཉིད་ཀྱིས་མདོ་སྔགས་ཀྱི་ཆོས་བཀའ་གསན་ཡུལ་བླ་མ་གཙོ་ཁག་ནི། ཆུ་བཟང་མཁན་ཆེན་ངེས་དོན་བསྟན་པའི་ཉི་མ། བླ་མ་དཔའ་བོ་རིན་པོ། མགོ་ཚ་མཁན་ཆེན་ཐེག་མཆོག་བསྟན་འཛིན། བཱ་གནས་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན། ཞེ་ཆེན་རབ་འབྱམས་སྐུ་ཕྲེང་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེ། སྨིན་གྲོལ་སློབ་དཔོན་ཤེས་རབ་རྒྱ་མཚོ། ལྷ་ལུང་སྤྲུལ་སྐུ་རིན་པོ་ཆེ། མགོ་ལོག་ཆེ་བོ་རིན་པོ་ཆེ། མགོ་ཚྭ་མཆོག་སྤྲུལ་རིན་པོ་ཆེ། བཀའ་འགྱུར་རིན་པོ་ཆེ། ༸རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེ། ༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གོང་མ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་གོང་མ། སྤོ་ལུ་རིན་པོ་ཆེ། ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་གོང་མ་བཅས་ཡིན།
༸སྐྱབས་རྗེ་དམ་པ་དེ་ཉིད་ཀྱི་ཞལ་སློབ་གཙོ་བོའི་གྲས་སུ་། ༸སྐྱབས་རྗེ་པད་ནོར་རིན་པོ་ཆེ་གོང་མ། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། རྫོགས་ཆེན་རིན་པོ་ཆེ། སྨིན་གླིང་མཁན་ཆེན། དིལ་མགོ་མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ། བདུད་འཇོམས་ཡང་སྲིད་རྣམ་གཉིས། ལྷོ་བྲག་ནམ་མཁའི་སྙིང་པོ་རིན་ཆེ། བཅས་ཀྱི་དབུས་པའི་བླ་སྤྲུལ་མཁན་སློབ་ཤིན་ཏུ་མང་པོ་ཡོད་པ་བཅས། ཞེས་སྒྲོགས་སྦྱང་གནང་བསྟུན། སྨོན་ལམ་གསུང་འདོན་གནང་ནས་ལས་ཁུངས་རྣམས་སྒོ་བརྒྱབ་ཡོད་པ་བཅས།།