༢༠༡༥ ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༡ ཉིན་རྒྱབ་ཆུ་ཚོད་ ༡ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཡུལ་ལུང་ཕྱོགས་མཐའ་འདྲ་མིན་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་ཁྲི་ཕྲག་བརྒལ་བར་ཆོས་འབྲེལ་བཀའ་སློབ་དང་ཉིན་གཉིས་པའི་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་སྩལ་སོང་།
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ལས་ལ་འཕེན་རྫོགས་ཀྱི་ཁྱད་པར་ནི། འཕེན་བྱེད་ལ་དགེ་བས་བདེ་འགྲོ་དང་། མི་དགེ་བས་ངན་འགྲོར་འཕེན། རྫོགས་བྱེད་ལ་ངེས་པ་མེད་དེ། ཞེས་པ་ནས་བཀའ་ཁྲིད་མུ་མཐུད་མཛད་ཅིང་། ཕོ་མཆོག་མོ་དམན་གྱི་ལྟ་བ་བྱུང་ཚུལ་དང་། ཤེས་ཡོན་ཡར་རྒྱས་ཕྱིན་ན་ཕོ་མཆོག་མོ་དམན་གྱི་ལྟ་བར་འགྱུར་བ་འགྲོ་ཚུལ། ལྷག་པར་བྱམས་བརྩེ་ཡར་རྒྱས་གཏོང་ཐབས་བྱེད་དགོས་པ། ལུས་ཀྱི་གྲུབ་ཆའི་ཆ་ནས་བུད་མེད་ལ་བྱམས་བརྩེ་ཆེ་བ་ཡོད་ལུགས། མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་ཀྱི་ལུས་རྟེན་ཐོག་ཕེབས་སྲིད་སྐོར། སྟོན་པས་དགེ་སློང་ཕ་མ་གཅིག་མཚུངས་གནང་བའི་སྐོར། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་གཏོགས་བྱེད་པ་ལ། ཐོག་མར་སྐྱེ་བ་སྔ་ཕྱི་ཁས་ལེན། དེ་ནས་དང་ཐོག་མའོ་ཙེ་ཏུང་དང་ཏིང་ཞོ་ཕིང་གི་ཡང་སྲིད་འཚོལ། དེ་རྗེས་གཞི་ནས་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་གཏོགས་བྱས་ན་འོས་འཚམས་ལྡན་སྐོར་སོགས་བཀའ་སློབ་སྩལ་དོན། ཆོས་ཀྱི་སྐད་ཆ་གང་ཡང་མིན། ལུས་ཀྱི་གྲུབ་ཆའི་ཆ་ནས་བུད་མེད་ཀྱིས་རང་གི་མངལ་དུ་ཕྲུ་གུ་ཟླ་བ་དགུ་ཙམ་རིང་ཉར། ཕྲུ་གུ་སྐྱེས་རྗེས་རང་བཞིན་ལྷན་སྐྱེས་ཀྱི་ནུ་ཞོ་ཐོན། དེ་འདྲའི་ཐོག་ནས་བདག་པོ་རྒྱག་རྒྱུ་དེ་མི་ཙམ་མ་ཟད། ཁྱི་དང་བྱ། བྱིའུ་སོགས་མང་པོ་ཞིག་གིས་ཕྲུ་གུ་དེ་རང་མགོ་མ་ཐོན་བར་མས་ཧ་ཅང་ཡག་པོ་བལྟ་གི་འདུག འདི་རང་བཞིན་ལུས་ཀྱི་གྲུབ་ཆའི་སྟེང་ནས་འགྲོ་རྒྱུ་ཞིག་རེད།
དེར་བརྟེན་གཞན་ལ་བརྩེ་བ་བྱ་རྒྱུ་དང་། གཞན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་བློ་དེ་བུད་མེད་ལ་ཤུགས་ཆེ་བ་ཡོད་པའི་བཟོ་འདྲ་བོ་ཞིག་འདུག་པར་བརྟེན། བྱམས་བརྩེ་ཡར་རྒྱས་གཏོང་རྒྱུའི་ལས་ཀར་དམིགས་བསལ་ཐོག་ནུས་པ་སྐྱེ་དགོས་ཀྱི་འདུག ཅེས་བརྗོད་སྐབས་བུད་མེད་ཚོ་གནད་འགག་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད་སྟབས། མ་འོངས་པར་གལ་སྲིད་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་ནས། ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་ཡོད་པ་གཅིག་དང་། གནས་དགོས་ཡག་གཅིག་དང་། མུ་མཐུད་ནས་ཡང་སྲིད་ཡོང་ཡག་དེ་འདྲ་ཆག་པ་ཡིན་ན། བུད་མེད་ཀྱི་རྟེན་ཅན་ཡོང་སྲིད་ཀྱི་རེད། ཅེས་ངོས་ཀྱིས་བརྗོད་པ་འདི་རྩེད་མོ་བྱས་ནས་བཤད་པ་མིན། དེར་རྒྱུ་མཚན་ཕྲན་བུ་ཡོད། ང་ཚོ་བོད་ཀྱི་ལོ་རྒྱུས་ལ་ཆ་མཚོན་ནའང་། རྡོ་རྗེ་ཕག་མོས་གཙོས་སྐྱེ་ཕྲེང་མཐོ་པོ་བརྩི་རྒྱུའི་ནང་བུད་མེད་ཡོད། དོན་གྱི་བདག་པོ་བཅོམ་ལྡན་འདས་རེད། ཁོང་གིས་དགེ་སློང་ཕ་དང་མ་ཞེས་ཐོབ་ཐང་འདྲ་མཉམ་གནང་ཡོད།
དེང་སྐབས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཡོང་གི་མིན་ཟེར་རྒྱུ་བཟོ་འདྲ་བོ་དང་། ཡང་སྲིད་བུད་མེད་ཡོང་གི་རེད་ཟེར་རྒྱུ་དེ་ཚོའི་གྲས་དེ་འོས་སུ་མ་མཆིས་པ་དང་། ཆོས་དང་འགལ་ལུགས་ཤོད་ཀྱི་འདུག དེ་དག་དགོད་གྲོ་དགོས་པ་རེད། ངོས་ཀྱིས་རྩེད་མོ་རྩེ་ནས་བཤད་ཀྱི་ཡོད། གུང་ཁྲན་ཏང་གིས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ལ་ཇུས་གཏོགས་བྱེད་དགོས་ན། སྔོན་ལ་ལོ་རྒྱུས་ནང་བོད་ཀྱི་བླ་ཆེན་དེ་འདྲར་རྒྱ་ནག་གོང་མས་ཐེ་གཏོགས་བྱས་པ་དེ་འདྲ་བྱུང་ཡོད། དེའི་གནས་སྐབས་སུ་རྒྱ་ནག་གོང་མ་ཡང་ནང་པ་རེད། སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད། མཆོད་ཡོན་སྦྱིན་བདག་བྱས་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། ད་ལྟའི་རྒྱ་ནག་འགོ་ཁྲིད་ཚོས་ཆོས་ཁས་མི་ལེན་མཁན་ཞིག་རེད། དེར་བརྟེན་ཆོས་ཁས་ལེན་མཁན་གྱིས་བྱས་པ་ལྟར་ཆོས་ཁས་མི་ལན་མཁན་ཞིག་གིས་བྱས་པ་དེ་འོས་ཤིང་འཚམས་པ་ཞིག་མིན། ངོས་ཀྱིས་རྩེད་མོ་དང་སྦྲགས་སྔོན་ལ་གུང་ཁྲན་ཏང་གིས་སྐྱེ་བ་སྔ་ཕྱིའི་ལྟ་གྲུབ་འདི་ཁས་ལེན་དགོས་རེད། འདི་ཁས་ལེན་པའི་ཐོག་ནས་སྔོན་ལ་མའོ་ཙེ་ཏུང་གི་ཡང་སྲིད་ངོས་འཛིན་བྱེད་དགོས་པ་དང་། དེའི་རྗེས་སུ་ཏིང་ཞོ་ཕིང་གི་ཡང་སྲིད་ངོས་འཛིན་བྱེད་དགོས། དེ་ནས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ཇུས་གཏོགས་བྱེད་ན་འོས་པ་རེད། ཅེས་སྐད་ཆ་ཤོད་བཞིན་ཡོད།
དེང་སྐབས་ཀྱི་དུས་ཚོད་དང་། འབྱུང་འགྱུར་མ་འོངས་པར་ཕོ་མོ་འདྲ་མཉམ་བཟོ་མཁན་ཤེས་ཡོན་ཡོད་པ་གཅིག་པུས་མི་འདང་པར་བྱམས་བརྩེ་ཡར་རྒྱས་གཏོང་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག བྱམས་བརྩེ་ཡར་རྒྱས་གཏོང་རྒྱུའི་ལས་ཀའི་ཐོག་བུད་མེད་ཀྱི་ལུས་ཀྱི་གྲུབ་ཆའི་སྟེང་ནས་གཞན་སྡུག་བསྔལ་གྱིས་མནར་བར་མི་བཟོད་པའི་བློ་འདི་ཕལ་ཆེར་བུད་མེད་ལ་ཤུགས་ཆེ་བ་ཡོད། དེ་ཡང་ཚན་རིག་པ་ཚོས་བརྟག་དཔྱད་བྱེད་སྐབས་འདི་ལྟར་བཤད་ཀྱི་འདུག དཔེར་ན། སྡུག་བསྔལ་ཧ་ཅང་གིས་མནར་བའི་མིའི་པར་རིགས་བུད་མེད་དང་སྐྱེས་པར་སྟོན་སྐབས་ལུས་པོའི་ནང་ནས་སྙིང་གཡུག་རྒྱུས་མཚོན་གཞན་སྡུག་བསྔལ་གྱིས་མནར་བར་མི་བཟོད་པའི་བློ་དེ་བུད་མེད་ལ་ཤུགས་ཆེ་བ་ཡོད་འདུག དཔེར་ན། ང་རང་ཚོའི་ལོ་རྒྱུས་ནང་བལྟས་པ་ཡིན་ན། མི་མང་པོ་གསོད་མཁན་ལ་དཔའ་བོ་ཟེར་རྒྱུ་དེ་ཚོའི་གྲས་མང་ཆེ་བ་སྐྱེས་པ་རེད་འདུག སྤྱིར་ཤན་པ་ལྟ་བུ་ཕལ་ཆེ་བ་སྐྱེས་པ་ཡོང་བཞིན་འདུག སྨན་ཁང་ནང་ནད་པར་གཡོག་རྒྱུག་མཁན་མང་ཆེ་བ་བུད་མེད་ཡོང་བཞིན་འདུག འོན་ཀྱང་དེང་སྐབས་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་རིགས་གཅིག་མཐར་ལྷུང་ནས་སངས་རྒྱས་བཅོམ་ལྡན་འདས་སྐྱེས་པར་འཁྲུངས་པ་དེར་ཏོག་ཙམ་ཡིད་མ་རངས་པའི་བཟོ་འདྲ་པོ་ཕལ་ཆེར་ཡོང་སྲིད་པ་ལྟ་བུ་ཞིག་འདུག འདི་ཡང་ཧ་ཅང་ཐལ་བ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཞྭ་དམར་ལམ་རིམ་གྱི་བཀའ་ཁྲིད་མཛད།།