༢༠༡༠ ཟླ་ ༥ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༢ དང་ ༡༣ བཅས་ཉིན་གཉིས་རིང་གི་མཛད་འཆར་ཡོད་པ་ལྟར། ཉིན་དང་པོའི་སྔ་དྲོ་ ༡༡།༡༠ ཐོག་གོ་ཧ་ཀྲི་གནམ་ཐང་དུ་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ཞབས་སོར་འཁོད་སྐབས་ཤི་ལོངས་ས་གནས་འགོ་འཛིན་དང་། གཞོན་ནུའི་ཚོགས་གཙོ། རང་བདེན་ཚོགས་ཆུང་གི་འཐུས་མི། བུ་མེད་ཚོགས་པའི་ཚོགས་གཞོན་བཅས་ནས་ཕེབས་བསུ་ཞུས་ཡོད། དེ་ཉིན་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་སམ་བྷོ་ཌའི་གཏན་ཉིན་སློབ་གྲྭར་རབ་གནས་ཀྱང་གནང་ཡོད། དེ་ནས་རིལ་བོང་ཅོག་མདུན་དུ་ས་གནས་འཐུས་མི་དང་། རང་བདེན་ཚོགས་ཆུང་གི་འཐུས་མི། བུ་མེད་རྒྱུན་ལས། དེ་བཞིན་ཤི་ལོངས་མི་མང་ཡོངས་ནས་འཚམས་འདྲིའི་གྲོ་སོ་ཕྱེ་མར་དང་བཅས་ཕེབས་བསུ་ཞུས་ཡོད་པ་མ་ཟད།
ཏིར་པུར་མགྲོན་ཁང་དུ་རང་ལོ་ ༨༠ བརྒལ་བའི་བགྲེས་སོང་རྣམས་ནས་ཕེབས་བསུ་ཞུས་ཡོད། དེ་ནས་ཕྱི་ཚེས་ ༡༣ ཉིན་བོད་དགོན་དགའ་ལྡན་ཆོས་གླིང་དུ་གནས་གཟིགས་དང་མི་མང་སྤྱི་ཁང་ལ་ཐུགས་སྨོན་བཀའ་དྲིན་གནང་མཚམས་གཟིམ་ཆུང་དུ་བསྒྲུབ་ཤག་དང་། དེ་ནས་བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་མཚམས་ས་གནས་གཞོན་ནུའི་ཚོགས་གཙོས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་རྗེས་ས་གནས་འགོ་འཛིན་ནས་གསུང་བཤད་གནང་ཡོད། དེ་རྗེས་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་གྲུབ་མཚམས་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ནས་མལ་རྟེན་གསུམ་འབུལ་ལམ་ཞུས་གྲུབ་བསྟུན་ས་གནས་གཞོན་ནུའི་ཚོགས་གཙོས་གཏང་རག་མལ་འབུལ་ལམ་ཞུས་ཡོད། དེ་རྗེས་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མི་དམངས་ལ་ཚེ་དབང་གནང་རྗེས་ས་གནས་གཞོན་ནུའི་དྲུང་ཆེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།