༢༠༡༥ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །རྒྱ་གར་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ནང་གི་རྒྱལ་ནང་དང་རྒྱལ་སྤྱིའི་གནམ་ཐང་ཁག་ཏུ་སྐུ་ལུས་ཞིབ་བཤེར་ཞུ་གནང་མི་དགོས་པའི་ཆེ་མཐོང་མུ་མཐུད་ཞུ་རྒྱུའི་ཐག་གཅོད་གནང་འདུག དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༩ ནང་རྒྱ་གར་ནང་སྲིད་ལས་ཁུངས་ནས་མཁའ་ལམ་འགྲུལ་བཞུད་ལྷན་ཁང་ལ་ Civil Aviation Ministry གནམ་ཐང་ཁག་ཏུ་ལུས་བཤེར་མི་དགོས་པའི་ཆེ་མཐོང་ཞུ་ཡུལ་ད་ཡོད་གལ་ཆེའི་མི་སྣ་གྲངས་ ༣༣ ཡོད་ཁོངས་ནས་༸གོང་ས་མཆོག་དང་གཱན་དིའི་ཁྱིམ་ཚང་ Gandhi Family གི་མག་པ་སྐུ་ཞབས་རོ་བྷར་ཊི་ཝ་དྲ་ Robert Vadra ལགས་གཉིས་ཀྱི་མཚན་ཕྱིར་འཐེན་ཞུ་དགོས་མིན་ཐད་བསྐྱར་ཞིབ་དགོས་པའི་བཀོད་ཁྱབ་གནང་ཡོད་ཀྱང་། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༤ ཉིན་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་རྒྱ་གར་མཁའ་ལམ་འགྲུལ་བཞུད་ལས་ཁུངས་ལ་ཕྱག་བྲིས་ཤིག་གནང་སྟེ། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་ནང་གི་རྒྱལ་ནང་དང་རྒྱལ་སྤྱིའི་གནམ་ཐང་ཁག་ཏུ་སྐུ་ལུས་ཞིབ་བཤེར་ཞུ་གནང་མི་དགོས་པའི་ཆེ་མཐོང་མུ་མཐུད་ཞུ་དགོས་པའི་ལམ་སྟོན་གནང་ཡོད་པའི་གནས་ཚུལ་ཨི་ཀོ་ནོ་མིག་ཊེམ་སི། The Economic Times ཞེས་པའི་གསར་འགྱུར་བརྒྱུད་ལམ་ནང་ཐོན་འདུག ཐེངས་འདིར་སྐུ་ཞབས་རོ་བྷར་ཊི་ཝ་དྲ་ Robert Vadra ལགས་ཀྱི་མཚན་ཕྱིར་བསྡུ་གནང་ཡོད་སྟབས། ད་ལྟའི་ཆར་རྒྱ་གར་ནང་གི་རྒྱལ་ནང་དང་རྒྱལ་སྤྱིའི་གནམ་ཐང་ཁག་ཏུ་ལུས་བཤེར་མི་དགོས་པའི་གལ་ཆེའི་མི་སྣ་གྲངས་ ༣༢ ཡོད་འདུག་པ་རྣམས་ནི། རྒྱ་གར་གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པ། སྲིད་བློན། བཀའ་བློན་དང་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན། ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྦྲེལ་པོ། མངའ་སྡེའི་གཙོ་འཛིན་ governors གཞུང་ཚབ། དེ་བཞིན་དམིགས་བསལ་སྲུང་སྐྱོབ་ཞུ་རྒྱུའི་མི་སྣ་ཁག་གཅིག་བཅས་ཡིན་འདུག།