༢༠༡༥ ཟླ་ ༡༢ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༨ ཉིན་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་ཆེན་མོའི་ནང་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་རྣམས་ནས་༸སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་སླད། མཆོད་རྟེན་ཞིག་འབུལ་ལམ་ཞུས་འདུག་པ་དེ་ནི་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་རྒྱ་གར་ནང་བོད་མི་སྐྱབས་བཅོལ་བའི་ཕྲུ་གུ་ཚོའི་ཟས་གོས་གནས་མལ་ཙམ་མ་ཟད། ཤེས་ཡོན་གྱི་མཐུན་འགྱུར་མཁོ་སྒྲུབ་ཆེད་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་སྐུ་ངལ་སྐྱོན་པར་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཡིན་འདུག
དེ་ཡང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་སྐུ་ངལ་འཛེམས་མེད་སྐྱོན་པར་བརྟེན་རྒྱ་གར་ས་གནས་འདྲ་མིན་ནང་བོད་ཕྲུག་ཁྱིམ་སྡེ་མི་ཉུང་བ་ཞིག་བཙུགས་ནས་བོད་ཕྲུག་སྟོང་ཕྲག་མང་པོར་སྲོལ་རྒྱུན་ཙམ་མ་ཟད། དེང་དུས་ཤེས་ཡོན་གྱི་གོ་སྐབས་ཐོབ་པ་བརྒྱུད་བོད་མིའི་ཐུན་མིན་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་ཞབས་འདེགས་ཧ་ཅང་བསྒྲུབས་ཡོད། གཞན་ཡང་སྐབས་དེར་སློབ་ཟུར་རྣམས་ཀྱིས་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ཟུར་པ་བཞི་ལ་སྟོན་པའི་སྐུ་ཐང་ཞིག་དང་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་བ་བརྒྱུད་ཁོང་རྣམ་པའི་བྱས་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུས་འདུག མཛད་སྒོའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག། དེ་བཞིན་སྐུ་མགྲོན་གཙོ་བོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་། ལྷོ་གཞིས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ། སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་སློབ་མ་དང་སློབ་ཟུར་བཅས་ཚང་འཛོམས་ཐོག་གསོལ་སྟོན་ལྷན་བཞེས་གནང་འདུག སྐབས་དེར་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་གྲངས་ ༡༥༠ ཕེབས་འདུག་པ་བཅས།།