༢༠༡༥ ཟླ་ ༡༢ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༨ ཉིན་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེ་ར་ཐེག་ཆེན་གླིང་བླ་སྤྱིའི་འདུ་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སེ་ར་བླ་སྤྱི་འདུས་མང་ཡོངས་དང་སྦེལ་ཀོབ་གཞིས་ཁོངས་ཀྱི་སེར་སྐྱ་ཐུན་མོང་ནས་གནས་བཅུ་ཆོ་གའི་སྒོ་ནས་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་རྟོགས་བརྗོད་བདུན་ལེགས་མའི་བཀའ་ཁྲིད་སྩལ།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བླ་སྤྱིའི་འདུ་ཁང་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། རྒྱུན་ཆགས་གསུམ་པ་སོགས་གསུང་འདོན་མཛད། དེ་རྗེས་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གྲུབ་རྗེས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་གསུང་འདོན་མཛད་པ་དང་། དེ་ནས་རྡོ་རྗེའི་སློབ་དཔོན་བྱང་རྩེ་ཆོས་རྗེ་མཆོག་གིས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་རྟེན་གསུམ་འདེགས་འབུལ་ཞུས་པ་དང་སྦྲགས། གནས་བཅུ་ཆོ་གའི་སྒོ་ནས་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ཁ་སང་སེ་ར་བྱེས་སྨད་མཁན་པོ་རྣམ་གཉིས་ཀྱིས་བརྟན་བཞུགས་དང་ཆོས་འབྲེལ་ཞིག་བྱུང་ན་ཞེས་གསུངས་པ་བཞིན། འདིར་ཁྱེད་རང་ཚོ་དགེ་འདུན་འདུས་པ་རྒྱ་མཚོ་རང་རེད་འདུག དགེ་འདུན་པ་རྣམས་གྲྭ་ཆས་གྱོན་པ་ཙམ་གྱིས་འགྲིག་གི་མེད། ལོ་མང་པོའི་རིང་དཔེ་ཆ་བལྟས། འཛམ་གླིང་འདིའི་སྒང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེའི་ནང་ནས་དཔལ་ནཱ་ལནྡྲའི་མཁས་པའི་དབང་པོ་ཚོས་མཛད་པའི་གཞུང་མང་པོ་ཞིག་གི་རྩ་བ་བློར་འཛིན། འགྲེལ་བ་ཡིན་ནའང་རྒྱ་འགྲེལ་དང་བོད་འགྲེལ་བྱས་ནས་ཚིག་རེ་རེ་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ། ཚིག་འགྲེལ་ཙམ་མིན་པར་ཆོས་རར་འགྲིམས་ནས་རིགས་ལམ་གྱི་སྒོ་ནས་བརྡར་ཤ་གཅོད་པ་སོགས་མདོར་ན་སློབ་དཔོན་གོང་མ་ཚོས་མཛད་པའི་ནང་པའི་གཞུང་ཆེན་ཁག་དང་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱིས་མཛད་པའི་ཚད་མའི་གཞུང་དེ་དག་ད་ལྟའི་ཆར་སོན་པོར་གནས་ཐུབ་པ་འདི་གཞུང་ཆེན་གཟིགས་མཁན་ཚོའི་བཀའ་དྲིན་ཡིན། ང་ཚོ་བོད་པ་ལ་ཆ་མཚོན་ན་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་འདི་དུས་ཚོད་ཉག་ཕྲ་བའི་སྒང་ལ་བསླེབས་ཡོད། ཡིན་ནའང་གཙོ་ཆེ་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་འགྱུར་བ་མེད་པ་ཞིག་གི་ཐོག་ནས་གནས་ཡོད་པ་འཛམ་གླིང་ཀུན་གསལ་རེད། ང་རང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་པ་ཚོ་ཡིན་ནའང་ཐོག་མར་ང་ཚོ་མེ་ས་མི་རིར་ཡོད་སྐབས་དཀའ་ངལ་མང་པོ་ཞིག་འཕྲད་ཡོད། དེ་ནས་རིམ་པས་ལམ་བཟོའི་ལས་ཀ་བྱེད་པར་ཕྱིན་པ་རེད། ཅམ་བྷར་ (Chamba) ལམ་བཟོ་བྱེད་མཁན་ཁྱེད་རང་ཚོའི་ནང་གྲྭ་པ་རྒན་པ་དེ་འདྲ་ཡོད་དམ། ངོས་རང་ཅམ་བྷར་ལམ་བཟོ་བྱེད་ས་དེར་བལྟ་སྐོར་བསྐྱོད་སྐབས་གདན་སའི་གྲྭ་པ་གུ་ཐུང་དང་ཕུ་ཐུང་གྱོན་པ་དེ་འདྲ་ཁག་གཅིག་ཐུག་འཕྲད་ཀྱིས་ང་ཚོ་མཉམ་པོར་གསོ་སྦྱོང་ཚོགས་པ་རེད། དེ་བཞིན་ཁྱེད་རང་ཚོ་སྦག་ས་ནས་ཐོག་མར་མཐུན་རྐྱེན་མ་འཛོམས་པའི་དུས་ཚོད་གཅིག་གིས་རྐྱེན་པས་དཀའ་ངལ་མང་པོ་ཞིག་གི་འོག་ནས་སློབ་གཉེར་གནང་བ་རེད།
དེ་རྗེས་གཞིས་ཆགས་ཁག་གི་ནང་ཚུར་སྤོས། གཞིས་ཆགས་ཁག་དེ་དག་ལ་མཚོན་ནའང་ཐོག་མར་གླང་ཆེན་གྱི་ཉེན་ཁའང་ཡོད་པ། ཚ་བ་ཆེན་པོ་དེའི་ནང་ཤིང་མེར་བསྲེགས་བཏང་ནས་ག་ལེར་གཞིས་ཆགས་དེ་ཚོ་དེ་འདྲ་བྱས་ནས་ཚུགས་པ་རེད། གཞིས་ཆགས་ཁག་གི་གནས་སྟངས་རྩ་བ་བརྟན་པོ་ལྟ་བུ་ཆགས་ཡོང་སྐབས་ང་ཚོའི་ཆོས་སྒར་ཁག་དེ་དག་གཞིས་ཆགས་ཁག་གི་ནང་ཚུར་སྤོས་པ་རེད། དེར་བརྟེན་སྦག་ས་ཆོས་སྒར་ནས་ཡོང་བའི་དགེ་འདུན་པ་བགྲེས་པ་ཁྱེད་རང་ཚོར་རྒྱུས་ཡོད་བཞིན། དཀའ་ངལ་གཉན་འཕྲང་མང་པོ་ཞིག་གི་ནང་ང་ཚོ་འགྲིམས་པ་རེད། རིམ་པས་མཐུན་རྐྱེན་འཛོམས་ནས་ད་ཆ་ཡག་ཐག་ཆོད་ཆགས་ཡོད། དེ་རིང་འདིར་གཞི་རྐང་གཙོ་བོ་ཞེ་ནིང་དང་ན་ནིང་ལོར་གསུང་ཆོས་དེ་དག་གི་འཕྲོ་སྐྱོང་བྱེད་རྒྱུ་དང་གཅིག གཉིས་ནས་ཚན་རིག་གི་ཚོགས་འདུ་དེ་དེ་སྔོན་འབྲས་སྤུངས་སུ་ཚོགས་པ་དང་། ད་ཐེངས་སེ་རར་ཚོགས་ན་ཞེས་ད་རིང་སེ་རར་ཚོགས་པ་རེད། དེ་བཞིན་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་གསར་རྒྱག་ལེགས་གྲུབ་བྱུང་བར་སྒོ་འབྱེད་རྟེན་འབྲེལ་བྱེད་རྒྱུ་དང་སྟབས་བསྟུན། ཁྱེད་རང་ཚོས་དེ་རིང་བརྟན་བཞུགས་གསོལ་འདེབས་གནང་བ་དང་། བརྟན་བཞུགས་ཟེར་སྐབས་འདོན་པ་ཚར་འགའ་ཤས་བཏོན་པས་ཕན་ཐོགས་རྒྱུ་གང་ཡང་མེད། གཙོ་ཆེ་ཤོས་བླ་མ་དང་སློབ་མའི་བར་ལ་འབྲེལ་བ་ཡོད་པ་བཞིན་དད་པ་དང་དམ་ཚིག་བརྟན་པོ་དགོས་པ་དེ་ཆགས་ཡོད། དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་ཚང་མར་ཡོད་པ་ཞིག་རེད། དད་པ་དང་དམ་ཚིག་འདི་ལག་ལེན་ལ་གང་འདྲ་བྱས་ནས་བསྒྱུར་དགོས་རེད་ཅེ་ན། ཁྱེད་རང་ཚོས་བཤད་སྒྲུབ་ཟུང་འབྲེལ་བྱས་ནས་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། རྟོགས་པའི་བསྟན་པ་བསླབ་པ་གསུམ་གྱི་ཉམས་ལེན་ཡག་པོ་ཞིག་བྱེད་དགོས་པ་ཡིན། གང་ལྟར་སྟོན་པའི་བསྟན་པ་ལུང་རྟོགས་གཉིས་དེ་ཆགས་ཡོད། ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་འདི་བཤད་པ་དང་སྒྲུབ་པ་རྐྱང་རྐྱང་གི་ཐོག་ནས་འཛིན་དགོས་པ་ལས་དེ་ལས་གཞན་པ་གང་ཡང་མེད། དེ་འདྲ་ཡིན་པར་བརྟེན་ནམ་རྒྱུན་ང་རང་ཚོས་བསྟན་པ་རྒྱས་པར་ཤོག་ཅེས་སྨོན་ལམ་འདེབས་ཀྱི་ཡོད། བསྟན་པ་རྒྱས་པར་ཤོག་ཅེས་པ་འདི་རང་གིས་འགུལ་སྐྱོད་བརྒྱབ་ནས་བསྟན་པ་རྒྱས་རྒྱུ་ལས་སྨོན་ལམ་འདེབས་པ་ཙམ་གྱིས་བསྟན་པ་རྒྱས་རྒྱུ་མེད། སོ་སོ་རང་གིས་བསླབ་པ་སློབ་གཉེར་ཡག་པོ་ཞིག་བྱས། སློབ་གཉེར་བྱས་པ་འདི་ཐོས་དོན་རྒྱུད་ལ་སྦྱར་ནས་བསྟན་པ་རྒྱས་ཕྱིར་སྨོན་ལམ་འདེབས་བཞིན་ཉམས་ལེན་དངོས་སུ་བསྟར་བ་ཡིན་ན་སྨོན་ལམ་འདི་ཁ་ཡོད་ལག་ཡོད་ཆགས་པ་རེད། སོ་སོའི་ངོས་ནས་ལག་ལེན་གང་ཡང་མེད་པའི་ཐོག་ནས་བསྟན་པ་དེ་ཕྱི་ལོགས་སུ་ཡོད་པ་ལྟ་བུ་བྱས་ནས་སྨོན་ལམ་འདེབས་པ་འདིས་བསྟན་པ་རྒྱས་རྒྱུ་ཁག་པོ་རེད།
ད་ལྟ་འདིར་ཡག་ཐག་ཆོད་འདུག ད་དུང་མུ་མཐུད་ནས་འཐུས་མ་ཤོར་བ་ཞིག་བྱ་དགོས་པ་རེད། ཁ་སང་དགའ་ལྡན་ཁྲི་ཐོག་ཁང་དབུ་འབྱེད་རྟེན་འབྲེལ་སྐབས་ཁྲི་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་དགེ་ལྡན་བསྟན་པར་ཐུགས་ཁུར་བཞེས་མཁན་མང་པོ་ཞིག་འཛོམས་ནས་སྐད་ཆ་དེ་འདྲ་བྱུང་། ང་ཚོས་ལས་ཀ་མང་པོ་ཞིག་སྤྱི་ཡོངས་སྒང་ལ་འཇོག་གི་འདུག ནམ་རྒྱུན་ང་རང་ཚོའི་ཡིག་ཆའི་ནང་ཡོད་པ་བཞིན་སྤྱི་དོན་གྱི་གྲས་དེ་སྤམ་བཤད་རེད། མཐའ་དཔྱོད་དེ་ཞིབ་ཚགས་པོ་ཡོད་པ་རེད་ཅེས་ཟེར་བཞིན་ང་རང་ཚོའི་ལས་ཀ་མང་པོ་ཞིག་སྤྱི་སྤོམ་ངང་ལྷག་ནས་མཐོང་ཕྱོགས་ལ་ཡག་པོ་ཡོད་མདོག་ཁ་པོ་ཞིག་ལས་དོན་དངོས་ལག་ལེན་སྒང་ལ་ཏག་ཏག་ཅིག་མེད་པ་དེ་འདྲ་ཡོང་གི་འདུག དེ་རིགས་ཧ་ཅང་མངོན་གསལ་མེད་པར་བརྟེན་ལོ་གཅིག་དང་གཉིས་བྱས་ནས་དུས་ཚོད་འདས་ནས་མི་རབས་གཅིག་ཕྱིན་པའི་རྗེས་སུ་འཐུས་ཤོར་བའི་རྗེས་འབྲས་དེ་ཐོན་ཡོང་གི་རེད། དེ་ཚོའི་གྲས་ལ་ཧ་ཅང་གི་གཟབ་གཟབ་གནང་དགོས་པ་རེད། དེར་བརྟེན་དགེ་འདུན་དམངས་ཡོད་སའི་དཀྱིལ་འདིར་ཡང་བསྐྱར་བསྐྱར་ཟློས་བྱས་ནས་ཞུ་རྒྱུར། ཁྲི་རིན་པོ་ཆེའི་ཞལ་སྔ་ནས་དབུ་མཛད་དེ་ཁྱེད་རང་ཚོ་འབྲེལ་ཡོད་མཁན་པོ་དང་མཁན་པོ་ལས་ཟུར། དེ་བཞིན་དཔེ་ཁྲིད་དགེ་རྒན། སློབ་གཉེར་བའི་ཁྲོད་ནས་སློབ་གཉེར་བ་འཛིན་གྲྭ་རྒན་པ་ཚོ་དུས་དུས་ལ་འཛོམས་ནས་འཐུས་ཤོར་གང་འདྲ་འགྲོ་གི་ཡོད་མེད་སོགས་ཀྱི་སྒང་ལ་གྲོས་བསྡུར་བྱས། འཐུས་ཤོར་ཕྱིན་པ་དེ་ཚོ་སེལ་ཐབས་གང་འདྲ་བྱེད་དགོས་པའི་རིགས་ལ་འགན་ཁུར་བཞེས་དགོས་པ་རེད། ལོ་ཤས་གོང་ངོས་ཀྱིས་རྡ་རམ་ས་ལ་ནས་ཞིབ་འཇུག་བྱེད་མཁན་དེ་འདྲ་བཏང་བ་རེད། དེ་འདྲའི་རིགས་དེ་ཚར་གཅིག་བྱས་པས་ཕན་རྒྱུ་མེད། དུས་དུས་ལ་ལོ་རེ་རེར་མ་བྱུང་ནའང་ལོ་གཅིག་གཉིས་རྗེས་སུ་འཐུས་ཤོར་གང་འདྲ་འགྲོ་གི་ཡོད་མེད་ཐོག་ངེས་པར་དུ་དགོངས་པ་བཞེས་དགོས་པ་རེད་འདུག དེ་རིང་འདིར་རིས་མེད་ཆོས་སྒར་ཁག་དང་གཞིས་ཁོངས་གཞིས་མི་ཁྱེད་རང་ཚོ་ཐུན་མོང་ནས་བརྟན་བཞུགས་གསོལ་འདེབས་གནང་བ་འདིར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སེ་ར་ཆོས་སྒར་དང་། འབྲས་སྤུངས། དགའ་ལྡན་ཁྱེད་རང་ཚོ་འཇམ་མགོན་བླ་མའི་བསྟན་པའི་རྗེས་འཇུག་པ་ཆགས་ཡོད། ང་རང་ཚོ་ཡིན་ནའང་རྗེ་རིན་པོ་ཆེ་མཆོག་གི་རྣམ་ཐར་དེ་དག་སེམས་ལ་བཞག་པའི་ཐོག་ནས་ཐོག་མར་ཁྲལ་གྱི་འདུ་ཤེས་མིན་པར་ཡག་པོ་བྱས་ནས་སྡུག་རུས་བརྒྱབ་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་པ་རེད། རྩ་བ་བློར་འཛིན་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་འདུག དེ་བཞིན་བློ་འཛིན་པ་དེའི་ཚིག་འབྲུ་རེ་རེ་བཞིན་འགྲེལ་བཤད་བརྒྱབ། དེ་ནས་རིག་པས་བརྡར་ཤ་གཅོད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། གཞུང་དོན་སློབ་གཉེར་བརྒྱབ་པའི་འབྲས་བུ་དེ་སོ་སོའི་སེམས་རྒྱུད་སྟེང་ལ་བཟོ་ལྟ་བཟོ་རྒྱུ་རེད། ཅེས་སོགས་ཀྱི་བཀའ་སློབ་གྲུབ་མཚམས། མགོན་པོ་གང་ཉིད་མཆོག་གིས་སླར་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་རྟོགས་བརྗོད་བདུན་ལེགས་མ་བཀའ་ཁྲིད་དང་བཀའ་སློབ་སྩལ། དེ་རྗེས་གཏང་རག་བཀའ་དྲིན་རྗེས་དྲན་གྱི་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་ཐེངས་འདིའི་བརྟན་བཞུགས་ཀྱི་མཛད་སྒོ་ལེགས་པར་མཇུག་སྒྲིལ།
གཞན་ཡང་སྐབས་དེར་༸གོང་ས་མཆོག་གིས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་རྒན་བློ་བཟང་སྨོན་ལམ་ལགས་ཀྱིས་སྒྲིག་སྦྱོར་གནང་བའི་སྨོན་ལམ་ཚིག་མཛོད་གསར་པ་དེ་ཉིད་དབུ་འབྱེད་མཛད་པ་དང་སྦྲགས། ལེགས་གསོལ་བསྔགས་བརྗོད་ཀྱིས་བཀའ་སློབ་སྩལ་དོན། ལོ་མང་རིང་མྱོང་བ་ཁྱད་གསོད་ཀྱིས་ཕུགས་རྒྱང་རིང་པོའི་རྒྱ་ཆེའི་ཕན་ཐོགས་དེ་འདྲ་ཞིག་གི་ཆེད་དུ་དམིགས་པའི་ལས་དོན་ཞིག་སྨོན་ལམ་ལགས་ཀྱིས་འགན་ཁུར་བླངས། དེ་བཞིན་ཁོང་གི་ཕྱག་རོགས་ཚོས་ངོས་རང་ཐུག་སྐབས། ཚིག་མཛོད་དེའི་ནང་གི་ཆོས་ཚིག་དེ་དག་ཆོས་ལུགས་སོ་སོར་སྐད་ཆ་དྲིས་ནས་ཡོད་པའི་གང་མཚམས་ཀྱིས་སྤུས་དག་པོ་ཡོད་པ་ཞིག་མཐོང་སོང་། ཧ་ཅང་ཡག་པོ་བཟོས་འདུག
ཕྱོགས་གཅིག་ནས་ང་རང་ཚོའི་སྒྲ་རིག་པའམ་བོད་ཡིག་ཐོག་ལ་ཞབས་འདེགས་ངེས་ཅན་ཞིག་བསྒྲུབ་ཡོད་པར་བརྟེན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱོགས་གཅིག་ནས་བོད་ནང་ད་བར་དེ་ལྟ་བུའི་ཞབས་འདེགས་སྒྲུབ་མཁན་བྱུང་མེད་པ་ལྟ་བུ་རེད། ང་ཚོ་བཙན་བྱོལ་བ་ཉུང་ཤས་ཤིག་གི་ནང་ལ་ཡིན་ནའང་སློབ་གྲྭ་ཆེན་པོ་ནས་ཐོན་པའི་མཁས་དབང་མིན་པར་གྲྭ་ས་ནས་སློབ་གཉེར་བྱེད་མཁན་ཞིག་གིས་ཁུར་བླངས་ནས་གྲུབ་འབྲས་མིག་མཐོང་ལག་ཟིན་ཡོད་པ་ཞིག་ཡིན་པར་བརྟེན་ཁྱེད་རང་ཚོས་དཀའ་ལས་བརྒྱབ་པ་དེར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། ཁྱེད་རང་ཚོས་དཀའ་ལས་བརྒྱབ་པའི་འབྲས་བུ་དེ་མི་རབས་ནས་མི་རབས་གནས་ཐུབ་རྒྱུ་ཡིན་པ་རེད། ང་ཚོ་སྔོན་གྱི་བོད་པའི་ལོ་ཙཱ་བ་ཚོས་རྒྱ་གར་གྱི་ལེགས་སྦྱར་སྐད་ནས་བསྒྱུར་བ་དང་མིང་ཚིག་གསར་པ་བཟོས་པ། ད་ལྟའི་བོད་ཡིག་གི་མིག་འབྱེད་རྒྱུའི་ཚིག་མཛོད་འདི་ལྟ་བུ་མི་རབས་ནས་མི་རབས་ཏན་ཏན་ཕན་ཐོགས་རྒྱ་ཆེན་པོ་ཡོང་ཐུབ་ཀྱི་རེད། ཁྱེད་རང་ཡིན་ནའང་སོ་སོའི་དགེ་བ་རྒྱ་ཆེན་པོ་བསྒྲུབས་པ་འདི་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་པ་དང་མ་འདྲེས་པར་སྤྱི་དོན་ལ་སྨན་པའི་ཕྱིར་བསྔོ་བ་བྱས་པ་ཡིན་ན་ཡག་པོ་ཡོང་གི་རེད། ངོས་ནས་ཀྱང་སྨོན་ལམ་འདེབས་རྒྱུ་ཡིན།
ཞེས་སོགས་ཀྱི་བཀའ་སློབ་སྩལ། ཐེངས་འདིའི་བརྟན་བཞུགས་ཀྱི་མཛད་སྒོའི་ནང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག སེ་ར་བྱེས་སྨད་གཉིས་ཀྱི་མཁན་བླ་སྤྲུལ་དང་དགེ་བཤེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ཆོས་རིག་དང་བདེ་སྲུང་བཀའ་བློན་རྣམ་གཉིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་དགེ་ལུགས་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་སོགས་དང་། ལྷོ་གཞིས་ཁག་ལྔའི་ལྷོ་སྤྱི་གཙོས་པའི་ས་འགོ་དང་། ས་འཐུས། མཉམ་འབྲེལ་སོགས་ཀྱི་ལས་བྱེད། དེ་བཞིན་དད་ལྡན་སེར་སྐྱ་སྟོང་ཕྲག་བརྒལ་བས་བརྟན་བཞུགས་སུ་ཆེད་བཅར་ཞུས། ཉིན་རྒྱབ་ལྗགས་སྨིན་གྲུབ་རྗེས་༸གོང་ས་མཆོག་སེ་ར་བླ་སྤྱི་ནས་ཆིབས་ཐོན་གྱིས་ཆོས་སྡེ་ཆེན་མོ་བཀྲ་ཤིས་ལྷུན་པོར་ཆིབས་སྒྱུར་བསྐྱངས་ནས་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་གསར་པ་རྟེན་དང་བརྟེན་པ་གསར་བཞེངས་ལེགས་གྲུབ་བྱུང་བར་རབ་གནས་མཛད།།