༢༠༡༥ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༥ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྨད་སྤོ་འབོར་ཁམས་ཚན་དུ་གྲྭ་ཤག་དང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་དང་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་གི་ཆོས་འབྲེལ་མཛད་ཡོད། དེ་ཡང་ཐོག་མར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག བོད་མི་སེར་སྐྱ་མང་ཚོགས་ཀྱིས་ཕེབས་བསུའི་ཁྲོད་༸གོང་ས་མཆོག་གིས་སྤོ་འབར་ཁམས་ཚན་དབུ་འབྱེད་རབ་གནས་མཛད་བསྟུན། བཞུགས་ཁྲིར་༸ཞབས་སོར་འཁོད། སྐབས་དེར་སེར་སྨད་མཁན་ཟུར་སྒོ་སོག་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་སྤོ་འབོར་ཁམས་ཚན་གྱི་གཙུག་ལག་ཁང་གསར་རྒྱག་ལེགས་གྲུབ་ཀྱིས་སྒོ་འབྱེད་ཀྱི་རྟེན་འབྲེལ་ཐོག་ངོས་རང་འཁྱུག་ཙམ་བསླེབས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། སྤོམ་ར་ཁམས་ཚན་ནི་དེ་སྔ་བོད་ནས་སློབ་གཉེར་ལེགས་གྲས་རེད། རྒན་ཡེ་ཤེས་དབང་ཕྱུག་ལ་སོགས་པ་མཁས་པ་ཚད་ལྡན་མང་པོ་བྱུང་ཡོད། བཙན་བྱོལ་ལ་བསླེབས་ནས་ཁྱེད་རང་ཚོ་སློབ་གཉེར་དྲགས་པའི་བཟོ་འདྲ་པོ་ཆགས་ཡོད། དེ་དང་ཆབས་ཅིག་ཕྱི་སྣོད་ཀྱི་བཀོད་པ་དེ་དག་བཞེངས་ནས་ཧ་ཅང་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་དངོས་ཡོད་གནས་ཚུལ་གཅིག་ལ་དགའ་ལྡན་ལ་རྡོ་ཁང་ཁམས་ཚན་དང་སེར་སྨད་སྤོམ་པོ་ར་ཁམས་ཚན་ནང་དོལ་རྒྱལ་བསྟེན་གསོལ་ཤུགས་ཆེན་པོ་ཡོད་པར་བརྟེན། ཁྱེད་རང་ཚོར་དམིགས་བསལ་དཀའ་ངལ་ཞིག་འཕྲད་པ་རེད། ཤར་རྩེ་ལའང་སྔོན་མ་ངོས་ཀྱིས་ཞུ་རྒྱུ་བྱུང་། དོན་མེད་ཀྱི་དཀའ་ངལ་འཕྲད་ནས་དུམ་བུ་གཉིས་ཆགས་ཡོད། སྔོན་མ་དགའ་ལྡན་ལ་རྡོ་ཁང་གསར་པ། ཞེས་བརྗོད་སྐབས་ངོས་ཀྱིས་མིང་དེ་གང་རེད་ཅེས་བརྗོད་པ་ཡིན། རྡོ་ཁང་གསར་པ་ཁོ་པ་ཚོས་བཏགས་རྒྱུ་རེད་མ་གཏོགས། ཁྱེད་རང་ཚོ་དགའ་ལྡན་ཕོ་བྲང་གི་དབུ་འོག་ལ་བསམ་པ་རྣམ་དག་བྱས་ནས་འགྲོ་མཁན ཞིག་རེད། དེར་བརྟེན་གསར་པ་གང་ཡང་མིན། དེར་རྟེན་རྡོ་ཁང་ཁམས་ཚན་མིང་དེ་རང་འཇགས་ཁྱེར། ཞེས་བརྗོད་པ་ཡིན། སྐབས་དེ་དུས་ངོས་ཀྱིས་བརྗོད་རྒྱུ་བྱུང་། ཁྱེད་རང་ཚོར་དཀའ་ངལ་མང་དག་ཅིག་འཕྲད་ཀྱང་ཧུར་ཐག་འབད་ཐག་བྱས་སོང་ཧ་ཅང་ཡག་པོ་རེད་ཅེས་བརྗོད་རྒྱུ་བྱུང་།
སྤོམ་པོ་ར་ཁམས་ཚན་དེ་དེ་བཞིན་རེད། ཁྱེད་རང་ཚོར་དཀའ་ངལ་ཡོད་ཀྱང་ཕུགས་རྒྱང་རིང་ས་དང་འདི་ཕྱི་གཉིས་ཡོད་གཅིག་བྱ་རྒྱུའི་དོན་དུ། ངོས་ཀྱི་ལམ་སྟོན་བྱས་པ་དེར་རྒྱབ་མདུན་ངོ་ལྐོག་མེད་པར་རྗེས་སུ་འབྲང་པ་རེད། ཁྱེད་རང་ཚོར་དཀའ་ངལ་འཕྲད་ཀྱང་ལྷག་བསམ་རྣམ་དག་བྱས་པར་བརྟེན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཀའ་ངལ་དེ་མི་བྱེད་དགུ་བྱེད་བྱེད་མཁན་དེ་ངོས་རང་ཡིན། ངོས་ཀྱིས་མི་བྱེད་དགུ་བྱེད་བྱེད་རྒྱུ་དེ་ཁྱེད་རང་ཚོ་ཚང་མས་མཁྱེན་གསལ་རེད། ཐོག་མར་ངས་དོལ་རྒྱལ་བསྟེན་པ་རེད། ཐོག་མར་གྲོ་མོར་ཕྱིན་ནས་རྒྱ་གར་ལ་སླེབས་རྗེས་ཕྱི་ལོ་ ༡༩༧༠ དོན་གྲངས་ནང་བསྟེན་པ་རེད། གཞི་ནས་རིམ་པས་རྐྱེན་མང་པོ་ཞིག་བྱུང་ཡོད།
དེ་ཡང་མི་མ་ཡིན་གཟུགས་མེད་ཀྱི་སྐོར་ཡིན་དུས་ང་ཚོ་མི་གཅིག་པུས་ཚོད་དཔག་བྱེད་ཐུབ་རྒྱུ་ཁག་པོ་རེད། དེ་ཚོ་གྲས་ཟན་བརྟག་སྒྲིལ་རྒྱུ་སོགས་དེ་ལྟ་བུ་བརྟག་དཔྱད་རིམ་པ་མང་པོ་བྱས་ནས་མཐའ་མ་དེར་དངོས་ཡོད་གནས་ཚུལ་ལ་དོལ་རྒྱལ་བསྟེན་ན་ཕུགས་ལ་ཕན་རྒྱུའི་ཚབ་ཏུ་གནོད་ཆེ་བ་ཡོད་པ་གསལ་པོ་ཆགས་པ་རེད། གཞི་ནས་ལོ་རྒྱུས་ལ་ཉམས་ཞིབ་བྱེད་སྐབས་ལོ་རྒྱུས་ཐོག་ནས་ཧ་ཅང་གསལ་པོ་ཡོད། སྐབས་དེར་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་བཞུགས་ཡོད། གླིང་རིན་པོ་ཆེ་དང་པོ་རང་ནས་དོལ་རྒྱལ་དང་འབྲེལ་བ་རྩ་བ་ཉིད་ནས་མེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནི་སྐུ་ཐོག་གོང་མས་སྐབས་ནས་དོལ་རྒྱལ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་སྟབས་བསྟེན་པ་གནང་གི་ཡོད། དེར་བརྟེན་ངོས་ཀྱིས་དེར་སྔ་རྗེས་རིམ་པར་བརྟག་དཔྱད་བྱས་ནས་འདི་ལྟར་ཆགས་ཀྱི་འདུག་ཅེས་སྙན་སེང་ཞུས་པར། སྐྱབས་རྗེ་རིན་པོ་ཆེས་དེར་བསླུ་བ་ཁྱོན་ནས་ཡོད་མ་རེད། དེ་ག་རང་གནང་ན་ཡག་པོ་རེད་ཅེས་སྐྱབས་རྗེ་རིན་པོ་ཆེས་ཐུགས་བློ་བདེ་པོ་བྱས་ནས་ངོས་ལ་བཀའ་གནང་བྱུང་བ་མ་གཏོགས། ངོས་ཀྱིས་སྐྱབས་རྗེ་རིན་པོ་ཆེར་བཀའ་འདྲི་མ་ཞུས་པ་དང་སྐྱབས་རྗེ་རིན་པོ་ཆེའི་བཀའ་དགོངས་རྩིས་མེད་བཏང་བ་དེ་འདྲ་རྩ་བ་ཉིད་ནས་མིན། སྐྱབས་རྗེ་རིན་པོ་ཆེར་སྙན་སེང་ཞུས་ནས་ཁོང་ནི་ཐུགས་ལྐོག་གནས་ཚུལ་མང་པོ་ཞིག་ཤེས་མཁན་ཞིག་རེད། སྐུ་མདུན་སྐུ་གོང་མའི་ལོ་རྒྱུས་སོགས་མཁྱེན་བཞིན་ཡོད་པར་བརྟེན་འགྲིག་འདུག ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་འགྲོ་སྟངས་ཤིག་ཡོད་པ་རེད། དེ་ག་རང་གནང་ན་ཧ་ཅང་ཡག་པོ་འདུག་ཅེས་བཀའ་གཙང་མ་ཕེབས་པ་དེ་ལྟར་རེད། ངོས་རང་ཡང་བློ་བདེ་པོ་བྱས་པ་ཡིན། དུས་དེང་སང་ཡིན་ནའང་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་རྨི་ལམ་ནང་ཡང་ཡང་མཇལ་བཞིན་ཡོད། དེར་བརྟེན་ངོས་ཀྱིས་འདི་ལྟར་ཐག་གཅོད་བྱས་པ་རེད། ཐོག་མར་ངོས་ཀྱིས་བསྟེན་གསོལ་བྱས་པ་དེ་མཚམས་འཇོག་བྱས་པ་རེད་མ་གཏོགས་རྒྱ་ཆེན་པོ་བྱ་རྒྱུའི་བསམ་བློ་གང་ཡང་མེད། འོན་ཀྱང་བྱང་རྩེ་གྲྭ་ཚང་ལ་དཀའ་ངལ་ཞིག་འཕྲད་དེ་ཁོ་རང་ཚོས་རྣམ་རྟོག་བྱུང་ནས་སྐབས་དེ་དུས་ཁྲི་ཟུར་ཕ་ར་ཆབ་རིལ་གྱིས་བྱང་རྩེ་གྲྭ་ཚང་ལ་བཀྲ་མ་ཤིས་པ་ཏོག་ཙམ་བྱུང་བ་དེ་གང་འདྲ་ཡིན་ནམ་ཞེས་སྐྱབས་རྗེ་ཁྲི་བྱང་རིན་པོ ཆེར་ཐུགས་དམ་ཞུས་པར། སྐྱབས་རྗེ་རིན་པོ་ཆེས་ལྷ་མོ་འཁོན་འདུག་ཅེས་གསུངས་ཡོད། བྱང་རྩེ་གྲྭ་ཚང་གིས་སྐྱབས་རྗེ་རིན་པོ་ཆེར་ཐུགས་དམ་ཞུས་ནས་བཀའ་ལན་འདི་ལྟར་ཕེབས་སོང་། ལྷ་མོ་འཁོན་ཡོད་མེད་དང་ལྷ་མོ་འཁོན་ཡོད་ན་འཁོན་སེལ་ཐབས་ཇི་ལྟར་བྱེད་དགོས་ཡོད་མེད་ངོས་ལ་མོ་བརྒྱབ་རྒྱུ་སྤྲད་བྱུང་། བྱང་རྩེ་གྲྭ་ཚང་དེ་གདན་ས་གལ་ཆེ་བ་ཞིག་ཆགས་ཡོད་སྟབས་ངོས་ཀྱིས་ཟན་བརྟག་སྒྲིལ་ནས་ལྷ་མོ་འཁོན་པ་ཡིན་དང་མིན་ཟེར་དུས་ལྷ་མོ་འཁོན་པ་ཡིན་པ་དང་།
ལྷ་མོ་འཁོན་པ་ཡིན་ན་འཁོན་སྟངས་དེ་རྒྱུ་རྐྱེན་གཞན་གྱི་ཐོག་ནས་ཡིན་ནམ་དོལ་རྒྱལ་བསྟེན་གསོལ་བྱས་པས་རྐྱེན་གྱི་ཡིན་ནམ། སྲུང་མ་གསར་པ་ལྟ་བུ་ཆགས་པ་རེད། བྱང་རྩེ་གྲྭ་ཚང་ལ་དཔལ་ལྡན་ལྷ་མོ་གཙོ་བོ་རེད། ལྷ་མོས་མ་ཆོག་པར་ལྷ་མོར་མག་པ་གསར་པ་བསླེབས་པ་རེད། ཅེས་སྔ་མོ་འདི་ལྟར་གསུང་སྲོལ་བྱུང་འདུག ལྷ་མོས་མ་ཆོག་པ་ཞིག་དང་ལྷ་མོས་མ་འདང་པ་ཞིག ཆོས་སྐྱོང་གསར་པ་ཞིག་བསྟེན་པར་བརྟེན། དོལ་རྒྱལ་བསྟེན་པའི་སྟབས་ཀྱིས་འཁོན་པ་ཡིན་ནམ། རྒྱུ་རྐྱེན་གཞན་གྱིས་འཁོན་པ་ཡིན་ནམ་ཟེར་དུས། དོལ་རྒྱལ་བསྟན་པའི་དབང་གིས་འཁོན་པ་ཡིན་ཞེས་ཐོན་སོང་། གསལ་པོ་ཆགས་སོང་། སྐབས་དེར་སེར་ཀོང་རིན་པོ་ཆེ་ཡོད་པ་རེད། སྐབས་དེར་གྲྭ་ཚང་གི་མཁན་པོ་ལས་ཐོག་བསམ་གཏན་རྒྱ་བོ་ཡོད། ནང་དོན་དེ་འདྲ་ཞིག་བབ་ཀྱི་འདུག ཅེས་འགྲེལ་བཤད་བརྒྱབ་པ་ཡིན།
དེ་ལུགས་ཀྱིས་མར་འགྲེལ་བཤད་རྒྱག་རྒྱུ་འདུག་གམ། ཡོངས་གྲགས་བྱས་ན་ཐུགས་དམ་བཀའ་ལན་ངོས་ཀྱིས་འབྲི་རྒྱུ་མིན། ཞེས་ངོས་ཀྱིས་ཡིག་ཐོག་ལ་བཀོད་མེད། ཡོང་སྟངས་དེ་འདྲ་བྱས་ནས་ཡོང་བ་རེད། དེ་ནས་རིམ་པས་ལྡི་ལིར་དོལ་རྒྱལ་ཚོག་པ་བཙུགས། འགོ་སྟོད་ལ་སྐྱག་རྫུན་བཤད་དེ་དོན་གྱིས་༸རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བསྟེན་གྱི་ཡོད། འོན་ཀྱང་རྙིང་མར་ངོ་སྲུང་བྱས་ཏེ་དོལ་རྒྱལ་བཀག་འགོག་བྱས་པ་རེད། སྐད་ཆ་མི་བདེན་རྫུན་སྒྲིག་དེ་འདྲ་བཀྲམ་ཡོད། ལྷག་པར་བོད་ནང་སྐད་ཆ་འདི་འདྲ་བཀྲམ་ཡོད། དེ་འདྲ་ཡིན་དུས་ངོས་ཀྱིས་དོལ་རྒྱལ་ལ་སྟངས་འཛིན་བྱས་པ་དེ་བོད་བསྟན་སྲིད་སྤྱི་ལ་ཐུག་ཡོད་པ་དང་། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ཤ་ཚ་ནས། སྤུད་དག་པོ་ཞིག་ཡོང་ན་བསམས་ནས་བྱས་པ་ཞིག་ཡིན། འཇམ་མགོན་བླ་མའི་བསྟན་པ་ལ་སྒོ་གང་ས་ནས་སྒྲོ་བཀུར་ཞུ་རྒྱུ་མེད་པ་ཡག་པོ་ཞིག་བྱུང་ན་བསམས་པའི་བསམ་ཚུལ་དེ་རེད། ཁྱེད་རང་ཚོས་ཞིབ་ཚགས་པོའི་ཐོག་ནས་ཞིབ་འཇུག་བྱོས་དང་། བར་སྐབས་དོལ་རྒྱལ་བསྟེན་གསོལ་དར་ཁྱབ་ཆེན་པོ་ཆགས་པའི་རྐྱེན་གྱི་འཇམ་མགོན་བླ་མའི་བསྟན་པ་ལ་གང་ཕན་འདུག དེ་ཧ་ཅང་ཁག་པོ་རེད། འཇམ་མགོན་བླ་མའི་བསྟན་པ་ལ་ཕན་རྒྱུའི་ཚབ་ཏུ་འཇམ་མགོན་བླ་མའི་བསྟན་པ་ལ་སྒྲོ་བཀུར་བྱེད་མཁན་མང་དུ་ཕྱིན་པ་རེད། ཕྱོགས་རིས་སྐད་ཆ་མང་པོ་ཐོན་ཡོང་བ་དང་།
གང་ལྟར་ལོ་རྒྱུས་ཀྱི་ཐོག་ནས་ཞིབ་འཇུག་བྱས་ན་དངོས་ཡོད་གནས་ཚུལ་འདི་ལྟར་རེད། དེར་བརྟེན་ངོས་ཀྱིས་གཞི་ནས་ཡོངས་གྲགས་བྱས་ནས་ཤོད་དགོས་པ་ཆགས་པ་རེད། དེེར་བརྟེན་མི་བྱེད་དགུ་བྱས་ངོས་ཀྱིས་བྱས་པ་རེད། མི་བྱེད་དགུ་བྱས་བྱས་པ་དེར་རྒྱུ་མཚན་ཡོད་པ་རེད་མ་གཏོགས་རྒྱུ་མཚན་གང་ཡང་མེད་པར་བྱས་མེད། ཐོག་མར་ངོས་ནས་ཀྱང་བསྟེན་གྱི་ཡོད། དེ་སྔ་ཨ་རིའི་ཁུལ་དུ་བརྗོད་རྒྱུ་བྱུང་། ཁོ་པ་ཚོར་ཁག་མེད། མི་ཤེས་པའི་དབང་གིས་བྱུང་བ་རེད། རྒྱུ་མཚན་ཞིབ་ཚགས་པོར་བསམ་བློ་གཏོང་ན་ཤེས་རྒྱུ་རེད། ཅེས་བརྗོད་རྒྱུ་བྱུང་། དོལ་རྒྱལ་རང་གིས་ཐོག་མ་ནས་ང་དགེ་ལུགས་པའི་དམ་སྲི་ཡིན། ཞེས་བཤད་པ་རེད། དེ་ཡོངས་གྲགས་རྣམ་ཐར་ནང་དུའང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།