༢༠༡༥ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༤ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཡི་ཤུའི་མཐོ་སློབ་གྲགས་ཅན་Christ College དུ་མགྲོན་འབོད་ལྟར་ཕེབས་ནས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན། ངོས་རང་དེ་རིང་ཡི་ཤུའི་མཐོ་སློབ་འདིར་བཅར་རྒྱུ་བྱུང་བར་དགའ་སྤོབས་ཧ་ཅང་ཐོབ་བྱུང་། དེ་རིང་ངོས་ལ་བོད་དང་རྒྱ་གར། ཨེ་ཤི་ཡ། ཅེས་པའི་བརྗོད་གཞིའི་ཐོག་སྐད་ཆ་ཤོད་དགོས་གསུང་བྱུང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་བོད་མི་སྟོང་ཕྲག་བརྒལ་བ་རྒྱ་གར་སོགས་ནང་བྲོས་བྱོལ་དུ་ཕེབས་ཡོད། ངོས་རང་རྒྱ་གར་བྱང་ཕྱོགས་རྡོར་གླིང་ས་གནས་ཀྱི་ཉེ་འགྲམ་བླ་མ་ཧ་ཌ། ཞེས་པ་དེར་སྐྱེས་ཤིང་། གྲོང་གསེབ་ཆུང་ཆུང་འདི་རྡོར་གླིང་དང་ཀ་སྦུག་གཉིས་ཀྱི་དབར་ཆགས་ཡོད། སློབ་གྲྭའི་གུང་སེང་སྐབས་ནང་གི་ལས་ཀ་བྱེད་ཀྱི་ཡོད། རྡོར་གླིང་གཏན་སློབ་ཐོན་རྗེས་ཁུལ་དེར་ཡི་ཤུའི་སློབ་གྲྭ་སེན་ཇོ་སེབ་ཏུ་ (St. Joseph School Darjeeling) ཕྱིན། དེ་རྗེས་ལྡི་ལི་མཐོ་སློབ་སོགས་ནང་སློབ་སྦྱོང་བྱས་རྗེས་ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གྲྭ་ནས་ཁྲིམས་ཀྱི་སློབ་གཉེར་མཐར་སོན། དེ་རྗེས་ཨ་རིར་ལོ་ངོ་ ༡༦ ཙམ་བསྡད་རྗེས། ཕྱི་ལོ་ ༢༠༡༡ ལོར་བོད་མི་ཚོས་མང་གཙོའི་ལམ་ནས་ཕྲན་རང་བོད་མིའི་སྲིད་སྐྱོང་དུ་འོས་འདེམས་གནང་བ་རེད། ངོས་རང་སྲིད་སྐྱོང་དུ་འོས་འདེམས་བྱུང་རྗེས་ཤེས་ཡོན་གལ་ཆེ་ཤོས་སུ་བརྩི་ནས་བོད་མིའི་ཁྲོད་རིགས་གཅིག་རྐང་འཛིན་དང་མཁས་ལས་མི་སྣ་གསོ་སྐྱོང་ཆེད་འབད་བརྩོན་ཞུས་དང་ཞུ་མུས་ཡིན། དེར་བརྟེན་དེ་རིང་ཚོགས་ཁང་གི་མདུན་གྲལ་དུ་བོད་རིགས་སློབ་མ་ཁག་གཅིག་བཞུགས་པ་ཙམ་དུ་མ་ཟད། ཕལ་ཆེར་མང་ཆེ་བས་བོད་ཆས་གྱོན་འདུག དེར་བརྟེན་ཚང་མར་དགའ་བསུ་ཞུ་རྒྱུ་ཡིན། ངོས་རང་སེམས་ནང་དགའ་ཚོར་སྐྱེས་བྱུང་། ངོས་རང་ཡང་རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་ཆས་གྱོན་བཞིན་ཡོད། གཞིས་ལུས་བོད་མི་ཚོས་རེས་གཟའ་ལྷག་པ་ཉིན་ལྷག་དཀར་སྲུང་བརྩི་ཞུ་སྲོལ་ཡོད། ལྷག་དཀར་ནི་བོད་ནང་དུ་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་འཚེ་བ་མེད་པའི་ལམ་ནས་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཐབས་ལམ་ལྟ་བུ་ཆགས་ཡོད། དེ་ཉིན་བོད་མི་ཚོས་དགོན་པར་མཆོད་མཇལ་ཞུ་བ་དང་བསང་གཏོང་བ་སོགས་ཆོས་ཕྱོགས་ཀྱི་བྱ་བ་རྩོམ་བཞིན་ཡོད།
དེར་བརྟེན་ངོས་ཀྱིས་གཞིས་ལུས་རྒྱ་ཆེའི་མང་ཚོགས་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་ཆེད་རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་ཆས་གྱོན་གྱི་ཡོད། དེ་རིང་གི་བརྗོད་གཞིའི་ཐོག་སྐད་ཆ་བཤད་པ་ཡིན་ན། ཐོག་མར་ངོས་ཀྱིས་ས་བབ་དང་ཆོས་ལུགས་ཀྱི་གནས་སྟངས། དེ་བཞིན་བྱུང་རབས་ལོ་རྒྱུས་ཐོག་བོད་དང་རྒྱ་གར། ཨེ་ཤི་ཡ་ཕན་ཚུན་འབྲེལ་བ་གང་ཡོད་སྐོར་བརྗོད་རྒྱུ་ཡིན། དེ་ནས་འབྲེལ་བའི་རྒྱུད་རིམ་ཁྲོད་ས་བབ་དང་ཁོར་ཡུག དེ་བཞིན་ཆོས་སོགས་གལ་གནད་ཆེན་པོ་ཇི་ཙམ་ཆགས་མིན་སྐོར་རེད། ས་བབ་གི་ཆ་ནས་གལ་ཏེ་ཁྱེད་རྣམ་པས་ས་ཁྲར་གཟིགས་པ་ཡིན་ན། བོད་དང་རི་བོ་ཧི་མཱ་ལ་ཡི་རི་རྒྱུས་དེ་དག་ལོ་ངོ་ས་ཡ་བདུན་ཅུ་ཙམ་གྱི་གོང་ལ་ཆགས་པ་ཞིག་རེད། དེར་བརྟེན་རི་རྒྱུད་དེ་དག་འཛམ་གླིང་ནང་གི་རིས་རྒྱུད་གསར་ཤོས་གྲས་ལ་ངོས་འཛིན་བྱེད་བཞིན་ཡོད། བོད་དེ་འཛམ་གླིང་གི་ཡང་ཐོག་ཆགས་ཡོད། རྒྱ་མཚོ་ནས་ཆ་སྙོམས་མཐོ་ཚད་རྩིས་པ་ཡིན་ན་མི་ཊར་ ༤༠༠༠ ལྷག་ཡོད། ཆོས་ཕྱོགས་ཐོག་ནས་ཞུས་ན་སྟོན་པ་ཤཀྱཱ་ཐུབ་པ་ལུམ་བྷི་ནིར་སྐུ་འཁྲུངས་ཡོད། དེ་ནས་ནང་ཆོས་ཐོག་མར་རྒྱ་གར་ནང་དར་རྗེས་རིམ་བཞིན་གླིང་ཆེན་ཨེ་ཤི་ཡའི་ས་ཁུལ་གཞན་ཁག་ནང་དར་ཁྱབ་བྱུང་། ལྷག་པར་ཤིན་ཅང་དང་ཨབ་གྷ་ནི་སི་ཏན་སོགས་སུའང་སྐབས་ཤིག་ལ་ནང་ཆོས་དར་སྤེལ་བྱུང་ཡོད། གང་ཡིན་བརྗོད་ན་བྷ་མི་ཡན་བྷུདྡཱ་ (Bamiyan Buddha) ཞེས་ཨབ་གྷ་ནི་སི་ཐན་ནང་སྟོན་པའི་སྐུ་བརྙན་རྙིང་པ་ཧ་ཅང་མང་པོ་རྙེད་སོན་བྱུང་ཡོད། ལྷག་པར་རྒྱ་གར་བྱང་ཕྱོགས་ནས་བོད་དུ་དུས་རབས་ ༧།༨།༩ སྐབས་སུ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཧ་ཅང་བྱུང་ཡོད་པ་མ་ཟད། དེང་སྐབས་ནང་ཆོས་སློབ་གཉེར་སྤུས་དག་པོ་ཞིག་བྱེད་དགོས་ན་བོད་སྐད་ལ་ངེས་པར་དུ་བརྟེན་དགོས་པ་ཆགས་ཡོད། བྱུང་རབས་ལོ་རྒྱུས་ཐོག་ནས་བརྗོད་ན་ཨུ་རུ་སུ་དང་ཨིན་ཇིའི་མངའ་འོག་གི་རྒྱ་གར་གཞུང་། རྒྱ་ནག་བཅས་ཀྱིས་དབུས་ཨེ་ཤི་ཡའི་ས་ཁྱོན་མང་ཆེ་བའི་ཐོག་དབང་འཛིན་བྱེད་ཆེད་ཆབ་སྲིད་ཀྱི་རྩེད་མོ་རྩེད་ཡོད། ལྷག་པར་ཆབ་སྲིད་ཀྱི་རྩེད་འགྲན་དེའི་སོག་པོ་དང་བོད། ཨབ་གྷ་ནི་སི་ཐན་ལྟ་བུར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྩེད་འགྲན་དེའི་ཁྲོད་ཕྱི་སོག་དེ་རུ་སུའི་ཁོངས་སུ་ཚུད་པ་དང་། ནང་སོག་དེ་རྒྱ་ནག་གི་ཁོངས་གཏོགས་ཆགས། འོན་ཀྱང་ཕྱིས་སུ་ཕྱི་སོག་དེ་རང་བཙན་ཆགས་ཐུབ་པ་བྱུང་། ཤིན་ཅང་དང་བོད་གཉིས་རྒྱ་ནག་གིས་བཙན་བཟུང་བྱས་ཡོད། བོད་དེ་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པ་ནས་བཟུང་ཨེ་ཤི་ཡ་ཁྱོན་ཡོངས་དང་ལྷག་པར་རྒྱ་གར་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད།
ཕྱི་ལོ་ ༡༩༡༤ ལོར་བོད་དང་ཨིན་ཇིའི་མངའ་འོག་གི་རྒྱ་གར་གཞུང་གཉིས་དབར་སིམ་ལའི་ཆིངས་ཡིག་ (Shimla Convention) ཐོག་མིང་རྟགས་བཀོད་ཡོད། སྐབས་དེར་རྒྱ་ནག་གཞུང་གིས་སྐུ་ཚབ་བཏང་ཡོད། རྒྱ་ནག་གཞུང་གི་སྐུ་ཚབ་དེས་བོད་དང་རྒྱ་ནག་གཉིས་ཀྱི་ས་མཚམས་སྐོར་གླེང་བ་ལས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སྐོར་གླེང་སློང་གང་ཡང་བྱུང་མེད། སིམ་ལའི་གྲོས་མཐུན་དེར་སྐབས་དེ་དུས་ཀྱི་བོད་རང་དབང་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་ཀྱི་སྲིད་བློན་མཆོག་དང་ཨིན་ཇིའི་མངའ་འོག་གི་རྒྱ་གར་གཞུང་གི་སྐུ་ཚབ་གཉིས་དབར་གྲོས་མཐུན་གཙོ་བོ་གཉིས་ཐོག་མཚན་རྟགས་བཀོད་འདུག དང་པོ་དེའི་ནང་མེག་མོ་ཧན་གྱི་ས་ཐིག་ (McMahon Line) གཏན་འབེབས་ཐོག་ངོས་འཛིན་གནང་བའི་མཚན་རྟགས་ཡིན། མེཀ་མོ་ཧན་ས་ཐིག ཅེས་པ་འདི་རྒྱ་གར་གཞུང་གིས་བཏགས་པ་ཞིག་ཡིན། དེར་རྒྱ་ནག་གཞུང་གིས་མོས་མཐུན་མ་བྱས་པར་ངོ་རྒོལ་བྱས་ཡོད། སྐབས་དེར་བོད་དང་ཨིན་ཇིའི་དབང་འོག་ཏུ་ཡོད་པའི་རྒྱ་གར་གཞུང་གཉིས་དབར་ཚོང་དོན་གྲོས་མཐུན་ཐོག་མིང་རྟགས་བཀོད་ནས་ལོ་བཅུ་རེའི་མཚམས་སུ་ཚོགས་འདུ་རེ་འཚོགས་རྒྱུ་བྱས་ཡོད། ཕྱི་ལོ་ ༡༩༡༤ ལོར་བོད་དང་ཨིན་ཇིའི་མངའ་འོག་ཏུ་ཡོད་པའི་རྒྱ་གར་སྲིད་གཞུང་གཉིས་དབར་ཚོང་འབྲེལ་གྲོས་མཐུན་བཞག་ནས་ལོ་ངོ་བཅུ་རེའི་མཚམས་སུ་བསྐྱར་གསོ་གནང་རྒྱུའི་གྲོས་མཐུན་བྱུང་བ་ལྟར། ཕྱི་ལོ་ ༡༩༢༤། ༡༩༣༤།༡༩༤༤ བཅས་སོ་སོར་ལྷ་ས་དང་ལྡི་ལི་སྲིད་གཞུང་གཉིས་དབར་བསྐྱར་གསོ་གནང་འདུག རྒྱ་གར་ཨིན་ཇིའི་དབང་འོག་ནས་རང་བཙན་ཐོབ་རྗེས་ཕྱི་ལོ་ ༡༩༥༤ ལོར་རྒྱ་གར་གྱི་སྲིད་བློན་པཎྜི་ཏ་ནེ་རུ་མཆོག་གིས་རྒྱ་ནག་ཏུ་སྐུ་ཚབ་མངགས་གཏོང་གིས་དེ་སྔ་བོད་དང་ཚོང་དོན་གྲོས་མཐུན་བཞག་པ་དེ་སྐྱར་གསོ་ཡོང་སླད་ཟླ་བ་དྲུག་ཙམ་རིང་འབད་བརྩོན་བྱས་འབྲས་སུ་རྒྱ་གར་པན་ཅ་ཤི་ལ་ panchsheel agreement ཟེར་བ་དེ་བྱུང་། པན་ཅ་ཤི་ལ་ཟེར་བའི་གྲོས་མཐུན་དེར་གཟིགས་ན་དེ་ནི་གཙོ་བོ་བོད་དང་རྒྱ་གར་དབར་ཚོང་འབྲེལ་ཇི་ལྟར་དགོས་མིན་ཐོག་གྲོས་མཐུན་བཞག་པ་ཞིག་ལས་དེ་ལས་འཕྲོས་པའི་ཨེ་ཤི་ཡའི་ནང་ཞི་བདེ་སྐྲུན་རྒྱུའི་སྐོར་སོགས་གང་ཡང་མིན། པན་ཅ་ཤིལ་གྲོས་མཐུན་བཞག་རྗེས་རྒྱ་གར་གྱིས་སྤོབས་པ་དང་བཅས་པན་ཅ་ཤིལ་ཟེར་བའི་ཐ་སྙད་དེ་ལེགས་སྦྱར་གྱི་ཐ་སྙད་གཅིག་ཡིན་སྟབས། གྲོས་མཐུན་གྱི་མིང་བྱང་དེ་རང་རྒྱ་གར་ནས་བྱུང་བར་བརྟེན་སྤོབས་པ་བྱས་ཡོད།
འོན་ཀྱང་རྒྱ་ནག་གིས་འབར་མ་དང་ལྷན་པན་ཅཱ་ཤིལ་གྲོས་མཐུན་བཞག་སྟེ། པན་ཅ་ཤིལ་གྲོས་མཐུན་འཇོག་རྒྱུ་དེ་རྒྱ་ནག་རང་གི་བསམ་བློ་ཞིག་ཡིན་པ་དང་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་ལྷན་གྲོས་མཐུན་དེ་འཇོག་གི་ཡོད་ཚུལ་བསྒྲགས། འོན་ཀྱང་ཕྱི་ལོ་ ༡༩༥༤ ལོར་པན་ཅ་ཤིལ་གྲོས་མཐུན་ཐོག་མིང་རྟགས་འགོད་སྐབས་རྒྱ་གར་གཞུང་གིས་གྲོས་མཐུན་དེ་ལོ་ངོ་ ༢༥ རིང་གནས་ཐུབ་རྒྱུའི་རེ་འདུན་བཏོན་ཡོད་ཀྱང་རྒྱ་ནག་གཞུང་གིས་ལོ་ལྔའི་བར་གྲོས་མཐུན་དེར་ཁས་ལེན་བྱ་རྒྱུའི་བསམ་ཚུལ་བཏོན། དེ་ནས་ཕྱོགས་གཉིས་དབར་གོ་བསྡུར་བྱས་འབྲས་སུ་མཐར་གྲོས་མཐུན་དེ་ལོ་བརྒྱད་རིང་སྲུང་བརྩི་བྱ་རྒྱུར་མོས་མཐུན་བྱུང་ཡོད། དེ་ནས་ལོ་ལྔའི་རྗེས་ཏེ་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་མི་དམངས་བཅིང་འགྲོལ་དམག་མིས་བོད་ས་བཙན་བཟུང་བྱས། པན་ཅཱ་ཤིལ་གྲོས་མཐུན་བཞག་ནས་ལོ་བརྒྱད་སོང་རྗེས་ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་བྱུང་།
ས་བབ་ཀྱི་ཆ་ནས་བོད་འདི་རྒྱ་གར་ལ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། ཁོར་ཡུག་ཐོག་ནས་བརྗོད་ནའང་བོད་མཐོ་སྒང་ནང་གངས་རིན་པོ་ཆེ་དང་མཚོ་མ་ཕམ་དེ་དག་རྒྱ་གར་ཧིན་དུ་ཚོས་གནས་ལ་བརྩི་སྲོལ་ཡོད། ཨེ་ཤི་ཡའི་རྒྱུག་ཆུ་ཆེ་གྲས་བཅུའི་འབྱུང་ཁུངས་བོད་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། སློབ་ཕྲུག་ཚོའི་དྲི་བར་ལན་འདེབས་གནང་ཡོད།།