༢༠༡༠ ཟླ་ ༥ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །འདི་གར་སུད་སི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བཀའ་ཤག་གིས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༦ ཉིན་གལ་ཆེའི་འབོད་སྐུལ་གྱི་གསལ་བསྒྲགས་གནང་བ་ལྟར། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༤ ཉིན་སུད་སིར་གནས་སྡོད་བོད་རིགས་རྣམས་ནས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་བདུན་ཚིགས་གསུམ་པར་སྨོན་ལམ་དང་མཆོད་འབུལ་རྒྱ་ཆེ་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ནས་ ༨ བར་སུད་སིའི་གྲོང་ཁྱེར་ཛུས་རིག་ཏུ་རི་ཀོན་ཆོས་འཁོར་གླིང་དགོན་པའི་མཁན་བླ་དགེ་འདུན་རྣམ་པ་དབུ་བཞུགས་ཐོག་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་དང་། ཡུ་རོབ་སྤྱི་འཐུས་སྨོན་འཁར་བསོད་ནམས་ཕུན་ཚོགས་ལགས། བོད་གཞུང་གི་སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས་ཀྱི་གཙོས་བོད་རིགས་མི་མང་ ༢༠༠ བརྒལ་བ་ལྷན་འཛོམས་ཀྱིས་སྐྱེ་རྒུ་མདོར་རང་བྱུང་ས་ཡོམ་གྱི་གོད་ཆག་འོག་དུས་མིན་འཆི་སྐྱོན་བྱུང་བ་རྣམས་ནས་ཚེ་རབས་ཕྲེང་བར་བསགས་པའི་སྡིག་ལྟུང་མཐའ་དག་བྱང་ཞིང་དག་སྟེ་དལ་རྟེན་རིམ་བརྒྱུད་སྐུ་བཞིའི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་ཆེད་དང་། རྨས་སྐྱོན་ཕོག་པ་རྣམས་ཀྱང་མྱུར་དུ་དྲག་སྐྱེད་ཀྱིས་ཚེ་ལྷག་དོན་ལྡན་ཡོང་ཆེད་མཆོད་འབུལ་དང་སྨོན་ལམ་རྒྱ་ཆེ་གནང་འདུག