༢༠༡༥ ཟླ་ ༡༢ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེ་ར་བླ་སྤྱིའི་ཚོགས་ཁང་དུ་ཏཱ་ལའི་བླ་མ་ཐེབས་རྩའི་མཐུན་འགྱུར་དང་སེམས་དང་སྲོག་བསྟི་གནས་ཁང་གིས་གོ་སྒྲིག་འོག ཕྱི་ཚེས་ ༡༤ ནས་ ༡༧ བར་ཚོགས་གཏན་འཁེལ་བའི་སེམས་དང་སྲོག་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་མངོན་སུམ་དང་། རྟོག་པ། བདག་བཅས་ཀྱི་བརྗོད་གཞིའི་ཐོག་ཚན་རིག་པ་དང་ལྷན་བཀའ་བསྡུར་མཛད་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆོ་ཚོད་ ༩ ཐོག་སེམས་དང་སྲོག་གི་བརྗོད་གཞི་དང་འབྲེལ་བའི་ཡུལ་འཛིན་ཚུལ། རྟོག་པ་དང་རྟོག་མེད། བདག་བཅས་ཀྱི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་དང་། སྐུའི་གསུང་སྒྱུར་གླང་རི་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་། སློབ་དཔོན་དགེ་བཤེས་ཡེ་ཤེས་ཐབས་མཁས་ལགས། དགེ་བཤེས་ལྷག་རྡོར་ལགས། དགེ་བཤེས་དགྲ་འདུལ་ལགས། ཚན་རིག་པ་གྲགས་ཅན་ཁྲོད་
སེམས་ཁམས་རིག་པའི་ཚན་རིག་པ་སྐུ་ཞབས་རི་ཆཌ་ཇེ་ཌེ་ཝིཌ་སོན་ Richard.J.Davidson ལགས། ནུབ་ཕྱོགས་ལྟ་གྲུབ་སྨྲ་བ་སློབ་དཔོན་སྐུ་ཞབས་ Jay Garfield ལགས། ཨེམ་ཨཱ་ཧེ་ཊི་གཙུག་ལག་སློབ་གཉེར་ཁང་ (Amherst University) གི་ཚན་རིག་སློབ་དཔོན་པ་ཝན་སིན་ཧཱ Pawan Sinha ལགས། དབང་རྩའི་ཉམས་ཞིབ་པ་ལྕམ་སྐུ་ཁེ་དི་རིན་ཀེར Catherine Kerr ལགས། བསམ་གཏན་(Zen)ཆོས་དཔོན་རོ་ཤི་ཇོན་ཧེ་ལི་ཕེག་སི Roshi Joan Halifax ལགས་བཅས་ཀྱིས་གསུང་བཤད་དང་། དེ་བཞིན་ཐེངས་འདིའི་ཚོགས་ཆེན་ནང་མཉམ་ཞུགས་གནང་མཁན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། གླིང་རིན་པོ་ཆེ་མཆོག མཁན་བླ་སྤྲུལ་ཁག་གཅིག དེ་བཞིན་ཨ་རི་དང་ཡུ་རོབ་ནས་ཆེད་བཅར་ཚན་རིག་པ་དང་ཤེས་ལྡན་མི་སྣ། སེ་ར་བྱེས་སྨད་གཉིས་ཀྱི་དགེ་འདུན་པ་ཁག་གཅིག དེ་བཞིན་ཟུར་ཉན་དུ་བོད་རིགས་སེར་སྐྱ་ཕོ་མོ་བཅས་ཁྱོན་མི་གྲངས་ཆིག་སྟོང་ཙམ་གྱིས་མཉམ་ཞུགས་གནང་ཡོད།
དེ་ཡང་བགྲོ་གླེང་ཚོགས་ཐུན་དང་པོའི་ལས་རིམ་གཙོ་སྐྱོང་གནང་མཁན་ལྕམ་སྐུ་རོ་ཤི་ཇོན་ཧ་ལི་ཕེག་སེ་ལགས་ཀྱིས་ཐེངས་འདིའི་ཚོགས་འདུའི་སྐོར་ངོ་སྤྲོད་དང་འབྲེལ་༸གོང་ས་མཆོག་ལ་བཀའ་སློབ་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར། ༸གོང་ས་མཆོག་གིས་སྐབས་དེར་བཀའ་སློབ་སྩལ་དོན། དགའ་ལྡན་ཁྲི་རིན་པོ་མཆོག་དང་ཆོས་རྗེ་རྣམ་གཉིས། མཁན་པོ་ལས་ཟུར། ཚན་རིག་པ་བཅས་ལ་འཚམས་འདྲི་ཞུ་རྒྱུ་ང་།
ཚན་རིག་པ་མང་པོ་ཞིག་ལོ་མང་རིང་ང་ཚོ་དང་མཉམ་རུབ་ཀྱིས་ཚན་རིག་ཐོག་ནས་མི་རབས་ནས་མི་རབས་ཞིབ་འཇུག་བྱས་པའི་གྲུབ་དོན་དེ་ལྟ་བུ་ཞིག་བྱུང་ཡོད། ད་དུང་ཡང་མུ་མཐུད་ནས་ཡར་རྒྱས་འགྲོ་རྒྱུའི་ཕྱོགས་ལྟ་བུ་དེ་གང་འདྲ་ཡིན་པ་སོགས་ཀྱི་ཐོག་ཚན་རིག་པ་ཁོ་རང་ཚོར་ཉམས་མྱོང་གཏིང་གཟབ་པོ་ཡོད། ང་ཚོ་དང་མཉམ་དུ་ཁོ་རང་ཚོས་ལོ་མང་རིང་གོ་བསྡུར་བྱས་པ་དེས་ཕན་ཐོགས་ཧ་ཅང་བྱུང་འདུག དེ་རིང་འདིར་ཕེབས་པའི་དགེ་འདུན་པ་མང་པོ་ཞིག་གསར་པ་ཡིན་པར་བརྟེན་ངོས་ཀྱིས་བྱུང་རིམ་སྐོར་ཕྲན་བུ་ཞིག་ཞུས་ན་བསམས་བྱུང་། ཕལ་ཆེར་ལོ་བཞི་བཅུའི་གོང་ནས་ཚན་རིག་པ་དང་མཉམ་དུ་ཞིབ་ཚགས་པོས་གོ་བསྡུར་བྱ་རྒྱུ་བྱུང་ན་ཞེས་རེ་བ་བཏོན་པ་བཞིན། ངོས་རང་ཆུང་ངུའི་སྐབས་ནས་ཚན་རིག་ལ་དོ་སྣང་ཡོད། རྒྱ་གར་ལ་བསླེབས་ནས་ཚན་རིག་དང་འབྲེལ་བའི་དེབ་དེ་འདྲ་ཏོག་ཙམ་བཀླགས་མྱོང་། དེ་བཞིན་ཚན་རིག་པ་ཞིག་དང་དངོས་སུ་འཕྲད་ནས་གོ་བསྡུར་བྱ་རྒྱུ་བྱུང་ན་ཕན་ཐོགས་མི་ཡོང་བསམ་པ་ཞིག་བློ་ལ་ཤར་བ་དེ་ནས་རིམ་བཞིན་ཚན་རིག་པ་དང་ལྷན་དངོས་སུ་ཐུག་རྒྱུའི་འགོ་ལྟ་བུ་ཞིག་ཚུགས་པ་རེད། ཚན་རིག་པ་འཕྲད་སྐབས་དངོས་གནས་དྲང་གནས་ཚན་རིག་པ་སྤྱིའི་བསམ་བློའི་འགྲོ་སྟངས་དེ་ཕལ་ཆེར་བློ་གཟུ་བོར་གནས་པ་རེད་ཅེས་བརྗོད་ཆོག་གི་རེད། ཚན་རིག་པ་འགའ་ཤས་ནི་ཐ་དད་ཡིན། དེ་བཞིན་ང་རང་ཚོ་ནང་པ་ཞིག་གི་ངོས་ནས་ཞུས་ན་སོ་སོ་ནང་པའི་ལྟ་གྲུབ་དེ་ཡིན་ཤག་ཤག་ལྟ་བུ་དྲན་གྱི་ཡོད། སྔོན་ལ་བློ་གཟུ་བོར་གནས་པ་ཟེར་བ་འདི་དངོས་གནས་ཀྱི་ཚན་རིག་པ་ཚོ་བློ་གཟུ་བོར་གནས་པ་ཆགས་ཡོད། དེ་འདྲ་བྱས་ནས་ལོ་སུམ་ཅུ་བརྒལ་བ་ཙམ་གྱི་རིང་ལ་ང་ཚོ་ཚན་རིག་དང་འབྲེལ་བ་བྱེད་སྐབས་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་རེད། གཙོ་བོ་སངས་རྒྱས་པའི་ཆོས་སྤྱི་དང་།
ལྷག་པར་དཔལ་ནཱ་ལནྡྲའི་ཆོས་བརྒྱུད་འཛིན་མཁན་ཞིག་གི་ངོས་ནས་བལྟས་པ་ཡིན་ན། རིག་གནས་གསར་པ་འཕྲུལ་ཆས་ལ་སོགས་པའི་ཚན་རིག་གི་རིགས་དེ་དག་ལ་གཏིང་ཟབ་པོས་སློབ་སྦྱོང་དང་ཞིབ་འཇུག་བྱ་རྒྱུ་ཡོད་པ་ནི་དཔལ་ནཱ་ལེནྡྲའི་ཆོས་པ་ཞིག་ལ་གལ་ཆེན་པོ་ཆགས་ཡོད། དེ་མཚུངས་ཚན་རིག་པ་ཚོར་མཚོན་ན། ད་ལྟ་བར་ཚན་རིག་པ་ཚོས་ཞིབ་འཇུག་བྱེད་ས་གཙོ་བོ་ནི་ཚད་འཇལ་རྒྱུ་ཡོད་པའི་ཕྱིའི་གཟུགས་ཅན་གྱི་རིགས་དེ་དག་ཆགས་ཡོད། ཚན་རིག་པས་ནང་ཤེས་པ་ཟེར་ན་མྱོང་ཚོར་དངོས་སུ་མྱོང་གི་ཡོད་པ་ཞིག་ལ་བརྩིས་པ་མ་གཏོགས་དངོས་སུ་ཕྱི་དངོས་པོའི་གཟུགས་ཅན་རིགས་ལ་དཔྱད་ཚུལ་བཞིན་དེ་སྔོན་ནང་སེམས་ཀྱི་འགྲོ་སྟངས་ཐོག་ཞིབ་འཇུག་བྱས་མེད། དེང་སྐབས་ཚན་རིག་པ་ཚོས་གནའ་རབས་རྒྱ་གར་གྱི་རིག་གཞུང་ངམ་དཔལ་ནཱ་ལནྡྲའི་སྔོན་གྱི་མཁས་པ་དུ་མས་མཛད་པའི་སེམས་ཁམས་རིག་པ་ཞིབ་ཚགས་པོ་ཡོད་པ་དེར་ཡིད་དབང་འཕྲོག་ནས་དོ་སྣང་བྱེད་བཞིན་ཡོད། དེར་བརྟེན་གཉིས་ཀར་ཕན་ཐོགས་ཡོང་གི་ཡོད་པ་གསལ་པོ་རེད། འགོ་སྟོད་ངོས་རང་གིས་ཚན་རིག་ཐོག་དོ་སྣང་དང་གོ་བསྡུར་བྱས། དེ་རྗེས་ངོས་རང་གཅིག་པུའི་གནད་དོན་ཞིག་མིན་པར་ང་རང་ཚོ་གཞུང་ཆེན་སློབ་གཉེར་བྱེད་མཁན་བྱུང་བ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་བ་འདུག་བསམས་ཏེ་རིམ་པས་གདན་སའི་ནང་སློབ་གཉེར་བ་དྲག་བསྒྲུགས་བརྒྱབ་ནས་ཚན་རིག་ཐོག་རྨང་གཞིའི་སློབ་སྦྱོང་སྤྲོད་རྒྱུ་དེ་འདྲ་བྱས་པ་རེད། དེར་བརྟེན་སློབ་གཉེར་བ་ཚོ་ལའང་ཡང་དོ་སྣང་བྱུང་བ་མ་ཟད་ཚན་རིག་པ་ཁག་ཁ་ཤས་དང་མཉམ་དུ་ངོས་རང་བཀའ་མོལ་བྱུང་བའི་ནང་། གདན་སའི་སློབ་གཉེར་བ་ཚོ་དང་ཐོག་སྐད་མི་ཤེས་པ་སོགས་འདུག་ཀྱང་རིམ་པས་སློབ་ཚན་བསླབས་ཟིན་རྗེས་དོགས་དཔྱོད་བྱ་རྒྱུ་སོགས་མི་འདྲ་བ་ཡོང་གི་འདུག་ཅེས་མང་པོས་བསྔགས་བརྗོད་བྱེད་ཀྱི་འདུག རིམ་པས་ཚན་རིག་ཐོག་སློབ་སྦྱོང་བྱ་རྒྱུ་རྒྱ་ཆེར་བསྐྱེད་ནས་ཐོག་མར་གདན་སའི་ནང་སློབ་མ་ཚོ་རང་རང་གི་མོས་པ་དང་མཐུན་པའི་ཚན་རིག་སྦྱོང་རྒྱུའི་ལམ་སྲོལ་ཞིག་གཏོད་པ་དང་། དེ་བཞིན་སོ་སོའི་མོས་པ་གཞིར་བཟུང་རྒྱུགས་སྤྲོད་ནང་ཚན་རིག་གི་སློབ་ཚན་ཞིག་ཀྱང་འཇོག་རྒྱུ་དེ་འདྲ་བྱས་པ་རེད། དེ་འདྲ་བྱས་ནས་བར་སྐབས་རྡ་རམ་ས་ལ་དང་ཕྱི་རྒྱལ་ཁག་ལ་ཚོགས་འདུ་རིམ་པ་མང་པོ་ཚོགས་ཡོད། གདན་སའི་ནང་ཚོགས་འདུ་དེ་འདྲ་བ་ཞིག་འཚོགས་རྒྱུ་བྱུང་ན་ཕན་ཐོགས་ཆེན་པོ་ཞིག་ཡོང་ཐུབ་པ་འདུག་བསམས་ཏེ་ལོ་གཉིས་གོང་འབྲས་སྤུངས་སུ་ཚན་རིག་པ་དང་ལྷན་ཚོགས་འདུ་ཞིག་ཚོགས་ཡོད།
སྐབས་དེ་དུས་བཤད་སྒྲ་ཆེན་མོའི་ནང་གྲྭ་པ་ཚོས་རྟགས་གསལ་གཏོང་བའི་སྐབས་ཚན་རིག་པ་ཚོ་གཟིགས་སྐོར་དུ་ཕེབས་སྐབས་གྲྭ་པ་ཚོས་འཐད་མི་འཐད་ཀྱིས་རིགས་པའི་ལམ་ནས་དཔྱད་པ་བྱས་པ་དེ་ཁོང་རང་ཚོས་མཐོང་སྐབས་ཡིད་འཕྲོག་པོ་བྱུང་བའི་རྣམ་པ་བྱུང་སོང་། སྐབས་དེར་ཨ་རི་ནས་ཡིན་པའི་ཚན་རིག་པ་ཞིག་གིས་རྟགས་གསལ་དེར་ཡིད་སྨོན་ཧ་ཅང་སྐྱེས་པའི་ཚུལ་གྱིས་ཚན་རིག་པ་ཕན་ཚུན་སྐད་ཆ་ཤོད་སྐབས་ཁོང་རང་གིས་ལག་པ་བརྡབས་པ་སོགས་ཀྱི་ཉམས་དེ་འདྲ་བསྟན་པའང་བྱུང་སོང་། དེ་བཞིན་རྡ་རམ་ས་ལར་ང་ཚོ་ཚན་རིག་པ་དང་འཕྲད་སྐབས། ཁོང་ཚོ་ཁག་གཅིག་གིས་དཔལ་ནཱ་ལནྡྲའི་ཚད་མ་རིག་པ་དེ་སློབ་ཚན་གཞན་དག་ནང་དེ་ལྟར་དཔྱད་ཚུལ་བྱེད་ཐུབ་ཀྱི་རེད་དམ་ཅེས་ངོས་ལ་དྲིས་སོང་། ཚན་ཉིད་རྩོད་རྒྱུ་དེ་སློབ་ཚན་གཞན་དང་གཞན་གྱི་ནང་ངེས་པར་དུ་ཡོང་གི་རེད་ཅེས་བཤད་པ་ཡིན།
སྤྱིར་ང་རང་ཚོ་བོད་པའི་སློབ་གྲྭའི་ནང་ཚན་ཉིད་རྩོད་རྒྱུའི་བསམ་བློ་དེ་ཕྱི་ལོ་ ༦༠ སྐབས་དེ་དུས་ནས་ཡོད་པ་ཞིག་རེད། ཡིན་ནའང་འཐུས་ཚང་པོ་ལྟ་བུ་མེད་པ་ཞིག་དང་། འཛིན་སྐྱོང་བྱེད་མཁན་ཚོས་དེའི་ཐོག་དོ་སྣང་དང་འགན་ཁུར་དེ་ཙམ་མ་བྱས་པར་བརྟེན་བར་སྐབས་སློབ་གྲྭ་ཁག་གི་ནང་ཧ་ཅང་འཐུས་ཤོར་ཕྱིན་ཡོད། བར་སྐབས་ལོ་ཁ་ཤས་ནང་ངོས་ཀྱིས་འབོད་སྐུལ་བྱས་པ་བཞིན་སློབ་གྲྭ་ཁག་གི་ནང་མཚན་ཉིད་བསླབ་རྒྱུའི་ལམ་སྲོལ་ཞིག་ཆགས་ཡོད། བོད་པ་ཙམ་མིན་པར་ཧི་མཱ་ལ་ཡའི་ས་ཁུལ་ནུབ་ལ་དྭགས་ནས་ཤར་མོན་བར་གྱི་སློབ་གྲྭ་ཁག་གི་ནང་རིགས་ལམ་སློབ་བཞིན་ཡོད། ཉེ་ཆར་ངོས་རང་ལ་དྭགས་སུ་བསྐྱོད་སྐབས་ལ་དྭགས་སློབ་གྲྭའི་ནང་རྟགས་གསལ་གཏོང་བ་དང་། རྟགས་གསལ་གཏོང་སྐབས་ནང་པའི་སློབ་ཕྲུག་མ་ཟད་ཁ་ཆེའི་སློབ་ཕྲུག་ཀྱང་འདུག གང་ལྟར་ཤེས་ཡོན་གྱི་འདུ་ཤེས་བྱས་ནས་སློབ་ཀྱི་ཡོད་པ་ལས་ཆོས་སློབ་ཀྱི་མེད། གང་ལྟར་སྤྱི་ལ་ཁྱབ་ཐུབ་རྒྱུ་ཞིག་ཆགས་ཡོད།
གོང་དུ་ངོས་ཀྱིས་ཁོང་ལ་ཞུས་པ་བཞིན། ནང་ཆོས་དང་ཚན་རིག་མ་རེད་ཅེས་དེ་སྔོན་ནས་ང་ཚོ་དེའི་སྐོར་སྐད་ཆ་བྱུང་ཡོད། སྐབས་དེར་ནང་ཆོས་དང་རིག་གསར་ཚན་རིག་ཅེས་ཤོད་ཀྱི་འདུག ངོས་ཀྱི་དེ་མ་རེད། ནང་ཆོས་ནས་བཤད་པའི་ཚན་རིག་དང་རིག་གསར་ཚན་རིག་གཉིས་གོ་བསྡུར་བྱེད་ཀྱི་ཡོད། ཚན་རིག་ཟེར་ན་མི་རིགས་དང་ཆོས་ལུགས་སོགས་ཀྱི་དབྱེ་བ་མེད་པར་བརྟེན་མི་ཀུན་ལ་ཁྱབ་རྒྱུ་ཡོད་པ་ཞིག་རེད། ང་ཚོ་ནང་པ་གཅིག་པུའི་ཤེས་ཚད་གོང་མཐོར་གཏོང་རྒྱུ་ཁོ་ན་མིན་པར་ང་རང་ཚོའི་ཁ་ནས་སེམས་ཅན་ཐམས་ཅད་ཅེས་ཟེར་བ་དང་། གཉིད་སད་མ་ཐག་སེམས་ཅན་ཐམས་ཅད་ཟེར་མཁན་ཞིག་ཡིན་ན་སྨོན་ལམ་བརྒྱབ་པ་གཅིག་པུ་མིན་པར་ཁ་ཡོད་ལག་ཡོད་ཀྱིས་ཐོག་ནས་ཕན་ཐོགས་བྱ་རྒྱུ་ཞིག་ཡོད་དང་མེད། ཕན་ཐོགས་བྱ་རྒྱུ་ཞིག་ཡོད་ན་གང་འདྲ་བྱས་ནས་ཕན་ཐོགས་དགོས་པ་འདུག ཅེས་དེར་བསམ་བློ་གཏོང་དགོས་པ་ཡིན། མཐའ་དང་མུ་མེད་པའི་བྱ་དང་སྲོག་ཆགས་རིགས་དེ་དག་ང་ཚོས་སྨོན་ལམ་རྒྱག་རྒྱུ་ལས་གཞན་བྱེད་ཐབས་གང་ཡང་མི་འདུག འཛམ་གླིང་འདིའི་སྒང་གི་སྲོག་ཆགས་བྱ་བྱིའུ། རི་དྭགས། འབུ་སྲིན་སོགས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པའི་སྲོག་ཆགས་གྲངས་ཡས་པ་ཞིག་ཡོད་པ་དེ་ཚོར་ང་ཚོས་ཟས་རིགས་འདྲ་སྤྲོད་རྒྱུ་ཙམ་ལས་ཕན་ཐོགས་བྱ་རྒྱུའི་བློ་ཞིག་འཚོལ་ཡང་ཕན་ཐོགས་རྒྱུའི་ཐབས་ཤེས་གང་ཡང་མི་འདུག
རེ་བ་ཡོད་པ་འདི་ང་རང་ཚོ་འཛམ་གླིང་ནང་གི་འགྲོ་བ་མི་དུང་ཕྱུར་བདུན་བཅུ་ཡོད་པ་དེ་ཆགས་ཡོད། སྐད་ཡིག་མི་འདྲ་བ་ཡོད་ཀྱང་གོ་བརྡ་སྤྲོད་ནུས་པ་ཞིག་རེད། དེར་བརྟེན་ང་རང་ཚོ་སེམས་ཅན་ཐམས་ཅད་ཟེར་མཁན་ཞིག་ཡིན་པའི་ཆ་ནས་ཁ་ཡོད་ལག་ཡོད་ཀྱིས་དངོས་དང་བརྒྱུད་པའི་ཐོག་ནས་འགྲོ་བ་མི་དུང་ཕྱུར་བདུན་ཅུར་ཕྲན་བུ་ཕན་ཐོགས་རྒྱུ་ཞིག་ཡོད། དངོས་ཡོད་གནས་ཚུལ་ཐོག་ནས་བཤད་ན་འཛམ་གླིང་འདིའི་སྒང་གི་དཀའ་ངལ་མང་པོ་ཞིག་མིས་བཟོས་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད། མིས་བཟོས་པའི་དཀའ་ངལ་དེ་མི་རང་གིས་སེལ་དགོས་པ་ལས་དཀའ་ངལ་དེ་ང་རང་ཚོས་བཟོས་ནས་དཀོན་མཆོག་ལ་སེལ་རོགས་ཞེས་ཞུས་ན་བསྒྲུབ་རྒྱུ་གང་ཡང་མེད། དཔེར་ན། ང་ཚོ་བོད་པའི་དཀའ་ངལ་དེ་ང་རང་ཚོས་འཐུས་ཤོར་བཏང་བའི་དཀའ་ངལ་ཞིག་ཡིན་སྟབས་ང་རང་ཚོས་དཀའ་ངལ་དེ་སེལ་བར་བཅོམ་ལྡན་འདས་ཐུགས་རྗེས་གཟིགས་ཞེས་ཞུས་ན་དཀའ་ངལ་དེ་སེལ་མི་ཐུབ། ངོས་ཀྱི་ནམ་རྒྱུན་ནས་ཤོད་ཀྱི་ཡོད། དཀའ་ངལ་ང་རང་ཚོས་བཟོས་ནས་དཀོན་མཆོག་ལ་སེལ་རོགས་ཞུས་པ་དེ། གལ་སྲིད་དཀོན་མཆོག་དངོས་སུ་མཇལ་ན་རྙོག་གྲ་དེ་ཁྱེད་རང་གིས་བཟོས་པ་ལས་ངས་བཟོས་མེད། དེ་ཁྱེད་རང་གིས་སེལ་དགོས་རེད། ཅེས་གསུང་མདོག་ཁ་པོ་རེད། ཅེས་ཤོད་ཀྱི་ཡོད།
ང་ཚོ་སེམས་ཅན་ཐམས་ཅད་ཟེར་དུས་བོད་པ་ནང་པ་གཅིག་པུའི་སྐད་ཆ་ཤོད་ཀྱི་མེད། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་རྒྱ་ཆེ་དྲགས་པ་དེ་ཕར་བཞག་ནས་ཁ་ཡོད་ལག་ཡོད་ཀྱིས་སྨྲ་ཤེས་དོན་གོ་བའི་མི་དེ་ཚོར་ཕན་ཐོགས་བྱ་རྒྱུའི་བསམ་བློ་ཞིག་གཏོང་དགོས་པ་ཆགས་ཡོད། ང་ཚོ་སེམས་ཅན་ཐམས་ཅད་ཟེར་བ་འདི་སྐྱག་རྫུན་མིན་ན་ཕན་ཐོགས་དགོས་པ་རེད། སེམས་ཀྱི་གཏིང་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་རྒྱུ་དང་བདེ་བ་བསྒྲུབ་རྒྱུའི་ལྷག་བསམ་ཞིག་ཡོད་ན་ག་ཚོད་ཐུབ་ཐུབ་ཀྱིས་ལག་ལེན་བསྟར་དགོས། སྤྱིར་འགྲོ་བ་མི་ལ་ཕན་པའི་ཆོས་ལུགས་ཁག་མང་པོ་ཡོད། ཡིན་ནའང་ང་ཚོར་མ་འདང་བའི་ས་དེ་འགྲོ་བ་མི་སྤྱི་ལ་ཁྱབ་རྒྱུའི་ཡ་རབས་སྤྱོད་བཟང་གི་བསླབ་བྱར་དོ་སྣང་ཡོང་ཐུབ་པ་བྱ་རྒྱུའི་ཐོག་ང་ཚོས་བསམ་བློ་གཏོང་དགོས་པ་ཡིན། རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་ཕྱུག་པོ་ཡོད་པ་དེ་བདག་པོ་རྒྱག་མཁན་ཕལ་ཆེར་བོད་པ་གཅིག་པུ་རེད་འདུག མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ཚད་མ་གཙོས་པའི་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་མཁན་དེ་ང་རང་ཚོ་བོད་པ་གཅིག་པུ་མ་གཏོགས་གཞན་མི་འདུག སྤྱིར་དཔེ་ཆ་ཀློག་མཁན་ཡོད་སྲིད་ཀྱང་། ལོ་ཉི་ཤུ་སུམ་ཅུ་རྩ་བ་བློར་འཛིན། ཚིག་འགྲེལ་བརྒྱབ། ཆོས་རར་སྒྲོ་འདོགས་དཔྱད་པའི་ཐོག་ནས་སློབ་གཉེར་བྱེད་མཁན་བོད་པ་གཅིག་པུ་མ་གཏོགས་མི་འདུག དེར་བརྟེན་ང་རང་ཚོའི་མེས་པོ་ཚོས་དཀའ་ལས་བརྒྱབ་ནས་མངོན་རྒྱུ་ཡོད་པའི་བོད་ཡིག་ནང་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་སོགས་ཀྱི་གོ་སྐབས་དེ་འདྲ་ཞིག་ཡོད། དེར་རང་ཉིད་ཀྱིས་སློབ་གཉེར་ཡག་པོ་ཞིག་བྱས་ནས་སོ་སོར་ཡོད་པའི་ཤེས་ཚད་དེས་འགྲོ་བ་མིའི་རིགས་སྤྱི་ལ་ཕན་ཐོགས་ཐབས་ཀྱི་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། ངོས་རང་ཚན་རིག་པ་སོགས་མི་མང་པོ་ཞིག་ཐུག་ནས་ཆོས་དད་ཡོད་མིན་ལ་མ་ལྟོས་པར་སངས་རྒྱས་པའི་ཆོས་ནས་གསུངས་པའི་བྱམས་སྙིང་རྗེའི་སྐོར་དེ་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་ཐུབ་ཀྱི་འདུག
དེ་རིང་འདིར་ཚན་རིག་པ་ཚོས་འགྲེལ་བཤད་དེ་ཚོར་གཅིག་ཉན། དེ་བཞིན་ཚན་རིག་པ་ཚོས་ཀྱང་ནང་པ་སངས་རྒྱས་པའི་ཆོས་ནས་གསུང་པའི་ཚན་རིག་སྐོར་གྱི་ལེགས་བཤད་དེ་དག་ལའང་གཅིག་ཉན། དེ་རིང་ཐེངས་སུམ་ཅུ་པ་ཡིན་པར་བརྟེན་ལས་ཀ་འདི་མུ་མཐུད་གནས་ཐུབ། ཐེངས་མ་སུམ་ཅུ་སོ་ལྔ་པ་དང་བཞི་བཅུ་པའི་སྐབས་ལ་ང་ཚོ་ཕལ་ཆེ་བ་དགོངས་པ་ཞུས་མདོག་ཁ་པོ་རེད། ཡིན་ནའང་ད་ལྟའི་ལས་གཞི་འདི་མུ་མཐུད་ནས་འགྲོ་ཐུབ་ཀྱི་རེད། ཇི་སྲིད་འཛམ་གླིང་འདིའི་སྟེང་གི་རྣམ་དཔྱོད་ལྡན་པའི་མི་སྣ་གནས་པ་དེ་སྲིད་དུ་ང་ཚོའི་ལས་ཀ་དེ་དག་མུ་མཐུད་གནས་ཐུབ་ཀྱི་རེད་བསམས་ཀྱི་ཡོད་པར་བརྟེན། དུས་ད་ལྟ་བར་གནས་ཐུབ་པ་རེད། ད་ལྟ་ང་རང་ཚོའི་སེམས་དང་སྲོག་གི་ལས་ཀ་འདི་ཕན་ཐོགས་ཡོད་པ་ཞིག་ཡིན་པར་བརྟེན་དུས་རབས་ཉི་ཤུ་རྩ་གཅིག་སྐབས་ཨ་རི་ནས་འགོ་བཙུགས་ནས་ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ལས་ཀ་མུ་མཐུད་འགྲོ་བཞིན་པ་དང་། འབྱུང་འགྱུར་དུས་རབས་ཉི་ཤུ་རྩ་གཉིས་པའི་ནང་འགྲོ་ཐུབ་པ་ཞིག་ཡོང་གི་རེད། ལས་གཞི་འདི་རིམ་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཁྱབ་ཐུབ་དགོས་པ་ཡིན། མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་སྟབས། སྡུག་བསྔལ་གྱི་རྩ་བ་སེམས་མ་དུལ་བར་བརྟེན་ནས་ཡོང་གི་ཡོད་པར་བརྟེན། སེམས་འདུལ་ཐབས་དེ་ཡང་སྐྱེ་བ་ཕྱི་མ་དང་། ལྷ་ཡུལ་གྱི་སྐད་ཆ་མིན་པར་འཚོ་བའི་རིང་ལ་སེམས་སྐྱིད་པ་བག་ཕེབས་པ་དེ་འདྲ་ཞིག་ཡོང་ན་མི་ཚང་མ་དང་མཉམ་དུ་འཆམ་པོ་ཡོང་གི་རེད། མདོར་ན་དུང་ཕྱུར་བདུན་ཅུ་ཡོད་པ་འདི་མི་གཅིག་གྱུར་ཡིན་པར་བརྟེན་བླ་མའམ། རྒྱལ་པོ། བཙུན་མོ། སྤྲང་པོ་ཡིན་ནའང་འདྲ། གང་ལྟར་སྐྱེས་འཆིའི་འཚོ་བ་སོགས་ཚང་མས་གཅིག་གྱུར་ཐོག་མྱོང་རྒྱུ་རེད། ཚན་རིག་པ་ཚོས་མིའི་རང་བཞིན་དེ་བྱམས་བརྩེ་ལྡན་པ་རེད། ཅེས་བརྗོད་སྐབས་ངོས་ཀྱིས་རེ་བ་ཆེན་པོ་ཞིག་ཡོད་པ་མཐོང་བྱུང་། མིའི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཞིག་ཡིན་པ་དེ་ཡང་ང་ཚོས་ཕྲུ་གུ་ཆུང་ངུའི་སྐབས་མི་རིགས་དང་ཆོས་ལུགས་དབྱེ་འབྱེད་སོགས་གང་ཡང་བལྟ་གི་མེད། དེ་རྗེས་ཆེར་ལོན་སྐབས་ང་ཚོ་དང་ཁྱེད་ཚོ་ཞེས་བསམ་བློ་ཤུགས་ཆེ་རུ་ཕྱིན་ནས་མི་བསད་བཏུབ་བྱས་པ་སོགས་ཀྱི་དཀའ་ངལ་ཧ་ཅང་འཕྲད་ཀྱི་འདུག ད་ལྟ་ང་ཚོ་འདིར་དཀའ་ངལ་མེད་རུང་། འཛམ་གླིང་འདིའི་སྒང་གི་མི་གཅིག་གྱུར་ཡིན་པ་ཞིག་ས་ཆ་གཞན་ཞིག་ལ་མི་བསད་དང་གསོད་བཞིན་པ་རེད། གཅན་གཟན་སྟག་སོགས་ཀྱིས་མི་བསད་པ་རེད་ཅེས་ན་སྐད་ཆ་ཐ་དད་རེད། མི་དང་མི་ཕན་ཚུན་གསོད་རེས་བྱས་པ་རེད་ཟེར་དུས་གང་འཚམས་ནས་མི་གསོད་རྒྱུ་དེ་འཆར་ཅན་ཞིག་ཏུ་གྱུར་ཉེན་ཡོད། དེ་ནི་ཧ་ཅང་ཐབས་སྐྱོ་པོ་རེད། བསམ་བློ་དེ་འདྲ་ཞིག་དང་སྤྱོད་པ་དེ་འདྲ་ཞིག་གི་སྒང་ལ་བསྡད་པ་ཡིན་ན་ང་ཚོ་འཛམ་གླིང་འདིའི་སྒང་གི་འགྲོ་བ་མི་ཚོར་སྐྱིད་པོ་ཡོང་ཐབས་བྲལ་བ་ཡིན། དེར་བརྟེན་དཀའ་ངལ་དེ་སེལ་བར་ཐབས་ཤེས་ཡོད་པ་ཞིག་རེད། མིའི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཞིག་ཡིན་པའི་ཆ་ནས་དཀའ་ངལ་སེལ་རྒྱུའི་ཐབས་ཤེས་ཡོད་པ་ཞིག་རེད། དེེར་བརྟེན་ང་ཚོ་འདིར་འཚོགས་རྒྱུའི་གཞི་རྩ་དེ་ཡང་དེ་འདྲ་ཞིག་ཆགས་ཡོད་སྟབས་ཚང་མས་དགོངས་པར་བཅང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་གྲུབ་མཚམས་ཉིན་དང་པོའི་བགྲོ་གླེང་དངོས་གཞི་དབུ་འཛུགས་གནང་ཡོད་པ་བཅས། །