༢༠༡༥ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཁོངས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་དད་ལྡན་མང་ཚོགས་རྣམས་ལ་སྨད་རྒྱུད་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་བཀའ་དྲིན་ཆེ་བ་སྩལ་ཏེ་ཐེངས་འདིར་ཉིན་གྲངས་བཞིའི་རིང་གི་བཀའ་ཆོས་དང་དཔལ་གསང་བ་འདུས་པའི་བཀའ་དབང་བཅས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་༸ཞབས་སོར་འཁོད་རྗེས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་༸གོང་ས་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གཙོས་དད་ལྡན་སྦྱིན་བདག་བཅས་ལ་མཇལ་ཁ་སྩལ་ནས་སྨད་རྒྱུད་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་དང་འབྲེལ་བླང་དོར་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་དོན།
ཁྲིད་ཆེན་བརྒྱད་ཀྱི་དཔེ་ཆ་འདི་གསུང་བཀའ་རྒྱ་མ་ཡིན་པར་བརྟེན་ལག་པ་མ་འཆང་གོང་བསམ་བློ་ཡག་པོ་གཏོང་དགོས། གལ་སྲིད་ཁྲིད་ཆེན་བརྒྱད་པོ་དེ་དག་བསམ་བློ་བཏང་ནས་སོ་སོས་ཉམས་ལེན་བྱ་ཐུབ་པ་འདུག་ན་དཔེ་ཆ་འདི་ལེན་ན་འགྲིག་གི་རེད། ཁྲིད་ཆེན་བརྒྱད་འདི་གསུང་བཀའ་རྒྱ་མ་ཡིན་པར་བརྟེན་གཟབ་དགོས་པ་ཡིན། དེ་རིང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་ལམ་འབྲས་ཀྱི་ཐོག་ལ་གསུང་ཆོས་འདི་ཞུས་ཏེ་དེ་རིང་ནས་བཟུང་རིན་པོ་ཆེ་མཆོག་སྲད་རྒྱུད་པ་ཆགས་པ་རེད།
ཚེ་གཅིག་ལ་གཟུངས་འཇུག་བསྒྲུབ་རྒྱུའི་གསང་ཆེན་སྔགས་ཀྱི་མྱུར་ལམ་གྱི་མན་ངག་དེ་སྒོམ་རྒྱག་རྒྱུ་གཅིག་པུ་མིན་པར་རྫོགས་རིམ་རིམ་པ་ལྔ། ཡང་ན་སྦྱོར་བ་ཡན་ལག་དྲུག་སོགས་ཆ་ཚང་ལ་གོ་བ་ཡག་པོ་ཆགས་པའི་ཐོག་ནས་ཉམས་ལེན་བྱ་རྒྱུ་དེ་གསང་བ་འདུས་པའི་ཉམས་ལེན་གྱི་གཙོ་བོ་དེ་རེད་འདུག བདེ་མཆོག འཇིགས་བྱེད་སོགས་ཀྱིས་རྫོགས་རིམ་གྱི་སྦྱོར་བ་ཡོངས་རྫོགས་ལ་དེ་ཙམ་གྱི་གོ་བ་ཆགས་རྒྱུ་ཁག་པོ་རེད། རྒྱུད་སྡེ་གཞན་དང་བཤད་སྲོལ་མི་མཚུངས་པའི། །ཞེས་ཟེར་བ་བཞིན་དུས་འཁོར་དམིགས་བསལ་རེད། བཀའ་བརྒྱད་ཀྱི་གཞུང་དེ་ཚོའི་འགྲོ་སྟངས་ཤིག་ཀྱང་ཡོད།
བར་སྐབས་ང་རང་ཚོའི་གདན་ས་ཁག་གི་ནང་སྒྲུབ་ཁང་ཞིག་ཡོད་ན་ཡག་པོ་འདུག ཅེས་པ་བཞིན་གདན་ས་ཁག་དང་རྒྱུད་གྲྭའི་ནང་སྒོམ་ཁང་ཚུགས་ཐུབ་པ་བྱུང་ཡོད། སློབ་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ཞེས་དགྲ་བཅོམ་པ་ས་ག་ལྷས་ལུས་ལ་ངུར་སྨྲིག་གྱོན་པ་ཙམ་གྱིས་མི་འགྲིག་པར་སློབ་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གཉིས་ཀྱི་ཐོག་ནས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་དགོས་པ་གསུངས་ཡོད། ཡིན་ནའང་རྒྱ་ནག་གོང་མས་བདག་གོ་སྤྲད་པའི་གྱོན་ཆས་དེ་ཚོ་ང་ཚོས་ཧ་ཅང་གཟི་བརྗིད་ཆེ་མདོག་ཁ་པོ་གྱོན་གྱི་འདུག རྒྱ་ནག་གོང་མས་སྤྲད་པའི་ཕུ་ཐུང་དེ་ཚོ་བཅོམ་ལྡན་འདས་ཀྱིས་གནང་བ་མ་རེད། སྤྱིར་དེ་ལྟ་བུ་འགྲིག་མི་འདུག ཅེས་ཤོད་མཁན་ངོས་རང་མ་གཏོགས་མེད་སྟབས། ངོས་ཀྱི་དེ་འདྲ་མ་ཡོང་བའི་ཆེད་དུ་ཤོད་ཀྱི་ཡོད། འདས་པའི་དུས་ཡུན་དེ་དག་གི་རིང་ང་ཚོ་བོད་པ་ཚོས་འཐུས་ཤོར་ཧ་ཅང་བཏང་འདུག འཐུས་ཤོར་ཕྱིན་པ་ལ་བརྟེན་ནས་ཁ་ཐབས་འདི་ཆགས་པ་རེད། བཀའ་དྲིན་ཅན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་མངའ་བདག་ཁྲི་རལ་པ་ཅན་ནས་བཟུང་ཉམས་རྒུད་ཕྱིན་འགོ་བཙུགས་ཏེ་ཧ་ཅང་ཐབས་སྐྱོ་པོ་ཆགས་པ་རེད། ཡིན་ནའང་ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་མཛད་རྗེས་ཀྱི་ཤུལ་ཙམ་ད་ལྟ་ལྷག་ཡོད་པ་ལས་དེ་མིན་འཐུས་ཤོར་ཧ་ཅང་ཕྱིན་འདུག ང་རང་ཚོའི་བླ་ཆེན་དཔོན་ཆེན་ཚོས་རང་ཉིད་ཀྱི་སྡེ་གཅིག་པུ་ལས་རྒྱ་ཆེ་སར་བསམ་བློ་འཁོར་མ་ཐུབ་པར་བརྟེན་འཐུས་ཤོར་ཧ་ཅང་ཕྱིན་ཡོད། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ཚང་མར་གཟིགས་ཐུབ་པ་ཞིག་བྱུང་བར་བརྟེན་ཅུང་ཡར་རྒྱས་ཕྱིན་ཡོད། ཕྱིས་སུ་༸གོང་ས་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གི་སྐུ་དུས་སུ་ཡར་རྒྱས་བྱུང་ཐུབ་ཡོད། ༸གོང་ས་སྐུ་ཕྲེང་ལྔ་པ་མཆོག་མཛད་འཕྲིན་དེ་ལྟ་བུ་རྒྱས་ཐུབ་པ་བྱུང་བ་དེ་ཡང་༸རྒྱལ་དབང་གོང་མ་ཚོའི་རྨང་གཞི་གཏིང་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། ༸རྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་ལྟ་བུར་མཚོན་ན་གྲྭ་པ་གྲྭ་རྐྱང་རེད།
དེང་སྐབས་སྒོམ་ཁང་དེ་འདྲ་ཡོད་པར་བརྟེན་རྒྱུད་གྲྭ་ཁྱེད་རང་ཚོ་སྒོམ་ཁང་དེའི་ནང་སྔགས་བགྲངས་པ་ཙམ་གྱི་ངོ་མཚར་སྐྱེ་རྒྱུ་གང་ཡང་མེད། དེར་བརྟེན་ཁྱེད་རང་ཚོས་དཔེ་ཆར་གོ་བ་ཆགས་པའི་ཐོག་ནས་ཐུགས་ཁུར་གནང་ཤོག་ཨང་། སང་ཉིན་རྒྱུད་གྲྭ་ཁྱེད་རང་ཚོས་པར་བསྐྲུན་ཞུས་པའི་༸རྒྱལ་དབང་གོང་མ་རྣམས་ཀྱི་གསུང་པོད་ཕྱོགས་དེབ་དེར་དོ་སྣང་དང་བལྟ་ཀློག་བྱ་དགོས། ཁྱེད་རང་ཚོས་དེ་འདྲ་གནང་བ་འདི་ཧ་ཅང་ཡག་པོ་བྱུང་འདུག བསྔགས་བརྗོད་ཞུ་གི་ཡོད། ཅེས་བཀའ་སློབ་སྩལ་གྲུབ་མཚམས་སྨད་རྒྱུད་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་དབུ་འཛུགས་མཛད།
ཉིན་རྒྱབ་བཀའ་ཁྲིད་གྲུབ་རྗེས་བཀའ་སློབ་ཕེབས་དོན། དེ་རིང་རྗེ་བཙུན་ཤེས་རབ་སེངྒེའི་རྒྱུད་འཛིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་ཇི་ལྟར་ཐུགས་རེ་གནང་བ་བཞིན་གསང་བ་འདུས་པ་སྔོན་དུ་འགྲོ་བའི་ཐོག་ནས་ཁྲིད་ཡིག་དེ་དག་ཚར་བ་རེད། ངོས་རང་ལ་བཤད་ལུང་ཡོད་པ་དེའི་ཐོག་ནས་རྒྱུས་མངའ་ཕྲན་བུ་ཡོད་པ་དེ་དག་དེ་ཙམ་ཞུས་པ་ཡིན། དེ་བཞིན་ཁྱེད་རང་ཚོས་སློབ་སྦྱོང་བྱ་དགོས་པ་ཡིན། དུས་འཁོར་རྫོགས་རིམ་སྔགས་རིམ་ཆེན་པོའི་ནང་ཧ་ཅང་ཡག་པོ་ཡོད། རྗེ་རིན་པོ་ཆེ་མཆོག་གིས་མཛད་པའི་པོ་ཏི་བཅོ་བརྒྱད་ཡོད་པ་འདི་དག་ཧ་ཅང་གི་སྤུས་དག་པོ་ཡིན་པར་བརྟེན་ཕྱག་མཆོད་ཡུལ་ལྟ་བུ་ཞིག་ལ་མ་བཞག་པར་སློབ་སྦྱོང་བྱ་དགོས། ཆོས་རའི་ནང་བཞུགས་པའི་སྐུ་དེ་ཡོད་པ་གང་ཞིག་གསུང་པོད་ཁག་གཅིག་ཀྱང་འདིར་ཡོད་ན། སྐུ་བརྟེན་དང་གསུང་བརྟེན་གཉིས་ཀ་ཡོད་པ་ཡག་པོ་ཡོང་བ་འདུག རྒྱུད་གྲྭ་སྟོད་སྨད་གཉིས་ཀའི་ནང་དཔེ་ཆར་སློབ་སྦྱོང་ལ་དོན་གཉེར་བྱེད་མཁན་ཇེ་མང་འགྲོ་གི་འདུག་པས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་ད་ལྟ་ཡར་རྒྱས་ཀྱི་རྨང་གཞི་བཏིང་ཚར་བ་རེད། རྨང་གཞི་བཏིང་ཚར་བ་དེའི་ཐོག་ལ་མུ་མཐུད་ཡར་རྒྱས་ཧུར་ཐག་གནང་དགོས། རྨང་གཞི་འདིང་རྒྱུ་ཏོག་ཙམ་ཁག་པོ་ཡོད། རྨང་གཞི་བཏིང་ཚར་རྗེས་ལས་སླ་པོ་རེད། དེར་བརྟེན་ཧུར་ཐག་གནང་ཤོག་ཨང་། ང་རང་ཚོ་ཚང་མ་དུས་རབས་ཉི་ཤུ་རྩ་གཅིག་པའི་ཆོས་པ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱ་དགོས། ཤེས་ནས་དད་པ་ཐོབ་པ་ཟེར་བ་འདི་སངས་རྒྱས་པའི་ཆོས་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་འདི་ཡག་པོར་བྱས་ནས་ཚིག་གི་ངོ་གདོང་ཙམ་གྱི་ཐོག་ནས་ཤེས་པ་ཙམ་མིན་པར་བསམ་བློ་བཏང་ན་བྲོ་བ་ཞིག་མྱོང་རྒྱུ་ཡོད། བྲོ་བ་མྱོང་བའི་ཐོག་ནས་མི་ཚེ་ནང་འགྱུར་བ་འགྲོ་གི་འདུག དེ་འདྲ་བྱུང་ན་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་གི་འདུག ཁྱེད་རང་ཚོ་སྔོན་ལ་སྒོམ་བྱུང་གི་ཉམས་མྱོང་ཞིག་ཡོང་བར་བསམ་བྱུང་གི་ངེས་པ་ཐོབ་པ་ཞིག་དགོས། བསམ་བྱུང་གི་ངེས་པ་ཐོབ་པ་ཞིག་ཡོང་བར་ཐོས་བྱུང་གི་གོ་བ་ཆགས་པ་ཞིག་དགོས། གང་ལྟར་ཐོས་བསམ་སྒོམ་གསུམ་ཞེས་སྔ་མ་སྔ་མ་ཕྱི་མ་ཕྱི་མ་བྱས་ནས་འགྲོ་དགོས་པ་དེ་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ཙམ་མིན་པར་དངོས་ཡོད་གནས་སྟངས་དེ་རང་ཆགས་ཡོད། ང་རང་ཚོ་ཡི་གེ་སློབ་སྐབས་འགྲོ་སྟངས་དེ་འདྲ་ཞིག་ཡོད། ཐོག་མ་ཨེ་ཤེས་ལྟོས། དེ་རྗེས་ཨེ་ཡག་ལྟོས། ཨེ་མགྱོགས་ལྟོས་ཞེས་བརྗོད་པ་བཞིན་དེ་སྔོན་ངོས་རང་བོད་ཡིག་ཀློག་སྐབས་དེ་འདྲ་བྱེད་ཀྱི་ཡོད། ཐོག་མར་ཡི་གེ་ཤེས་པར་བྱ། དེ་ནས་ཡིག་གཟུགས་ཡག་པོ་ཡོང་ཆེད་ཨེ་ཡག་ལྟོས། དེ་ནས་ཡི་གེ་དེ་མགྱོགས་པོ་ཞིག་འབྲི་བར་ཨེ་མགྱོགས་ལྟོས་ཞེས་ལབ་པ་བཞིན་དང་པོ་ཤེས་པར་བྱ། དེ་ནས་ཤེས་པའི་དོན་དེར་ཡིག་ཆ་འདྲ་མིན་བལྟ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན་རྗེ་རིན་པོ་ཆེའི་གསུང་གཅིག་པུ་ཀློག་པ་ཙམ་མིན་པར་སྔོན་བྱོན་བོད་ཀྱི་མཁས་པ་མང་པོའི་མཛད་པའི་རྩོད་པ་དེ་དག་བལྟ་ཀློག་བྱ་དགོས་པ་རེད། དེ་ནས་ཞིབ་འཇུག་བྱས་ནས་འཇུག་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་མཚམས་དབུ་མཛད་ཀྱིས་མགུར་དབྱངས་དང་བཅས་ཏེ་བསྟན་འབར་མ་གསུང་འདོན་གྱིས་ཉིན་གྲངས་བཞིའི་རིང་གི་ཆོས་འབྲེལ་རྣམས་ལེགས་པར་མཇུག་སྒྲིལ།།