༢༠༡༥ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༢༦ འཁོར་བའི་དུས་དྲན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་སྲུང་བརྩི་ཞུ་སྐབས་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་དང་ད་ལྟའི་མངའ་སྡེ་གྲོས་ཚོགས་འཐུས་མི་ལྕམ་ Sarveen Chaudhary མཆོག་གིས་གསུང་བཤད་གནང་དོན།
ང་རང་དེ་རིང་འདིར་ཁྱེད་རྣམ་པས་མདུན་དུ་སྐད་ཆ་ཤོད་རྒྱུ་དང་དུས་ཆེན་ཁྱད་པར་ཅན་འདི་འདྲ་ཞིག་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ཚང་མས་མཁྱེན་གསལ་རེད། ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆེ་མཐོང་ལྡན་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་ཅིང་། འདི་ནི་༸གོང་ས་མཆོག་དང་བོད་མི་ཡོངས་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱལ་ཁ་ཞིག་ཆགས་ཡོད། ༸གོང་ས་མཆོག་ནི་འཛམ་གླིང་འདིའི་སྟེང་ཞི་བདེའི་ཕོ་ཉ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། རྒྱ་གར་གྱིས་གཙོས་འཛམ་གླིང་མི་མང་ཚང་མ་བོད་པའི་མཉམ་དུ་ཡོད། ཅེས་གསུངས།
དེ་བཞིན་ཁོ་མོས་༸གོང་ས་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་ཕྱག་དངུལ་ཆ་ཚང་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ཚོགས་པ་ཁག་ལ་བགོས་འགྲེམས་མཛད་ཡོད་སྐོར་གསུངས་ཡོད་པ་མ་ཟད། བོད་དང་རྒྱ་གར་གཉིས་ལོ་རྒྱུས་ཐོག་ནས་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཡོད། འོན་ཀྱང་ད་ལྟ་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཡོད་པར་བརྟེན་ང་ཚོ་ཚང་མར་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་བྱེད་དགོས་ཐུག་བཞིན་ཡོད། ང་ཚོའི་གལ་ཆེ་ཆུའི་འབྱུང་ཁུངས་ནི་བོད་ཡིན། གོ་ཐོས་ལྟར་ན་གལ་ཏེ་དེང་སྐབས་རྒྱལ་སྤྱིའི་ཐོག་དམག་འཁྲུག་བྱུང་བ་ཡིན་ན་ཆུའི་དོན་དུ་དམག་འཁྲུག་འབྱུང་ངེས་རེད་ཅེས་བརྗོད་བཞིན་ཡོད། བོད་ཀྱི་གལ་གནད་སྐོར་བརྗོད་པ་ཡིན་ན། རྒྱ་གར་དང་ཨེ་ཤི་ཡའི་ཆུའི་འབྱུང་ཁུངས་གཙོ་བོ་དེ་བོད་ཆགས་ཡོད། བོད་ནི་ཨེ་ཤི་ཡ་ཁུལ་གྱི་ཆུའི་འབྱུང་ཁུངས་གཙོ་བོ་ཙམ་མ་ཟད། གཏེར་དངོས་ཀྱང་ཧ་ཅང་མང་པོ་ཡོད་སྟབས་བོད་འདི་འཛམ་གླིང་གི་སྟེང་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་ཡོད། རྒྱ་ནག་གིས་བོད་ནང་གི་གཙང་ཆུ་དེ་དག་ཁ་བསྒྱུར་དང་ཆུ་རགས་སོགས་བརྒྱབ་སྟེ་སྟངས་འཛིན་དང་དབང་སྒྱུར་བྱེད་བཞིན་ཡོད་པ་མ་ཟད། བོད་ནང་རང་འབྱུང་གཏེར་ཁ་དང་གཏེར་སྣུམ་སོགས་མང་དག་ཅིག་ཡོད་པར་བརྟེན་རྒྱ་ནག་གིས་བོད་དེ་མུ་མཐུད་བཙན་བཟུང་བྱས་ནས་བསྡད་ཡོད།
འོན་ཀྱང་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཁོར་ཡུག་སྲུང་སྐྱོབ་དང་། མང་གཙོའི་རིན་ཐང་གི་འཐབ་རྩོད་པ་ཞིག་ཡིན། ང་ཚོ་ཚང་མས་མང་གཙོའི་རིན་ཐང་སྐོར་ཤེས་གསལ་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐུགས་རྗེའི་ལམ་སྟོན་འོག་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སོགས་བརྒྱུད་ནས་བོད་མིའི་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་ཡོད་པ་མ་ཟད། རང་གི་ཁྲིམས་སྒྲིག་གཞི་བཟུང་བོད་པའི་སྤྱི་ཚོགས་འདི་ལྕགས་སྒྲོག་བཞིན་མཐུད་ནས་གནས་ཡོད། དེང་སྐབས་འཛམ་གླིང་གི་ཤེས་ཡོན་ཅན་རྣམས་ནས་བོད་པའི་སྤྱི་ཚོགས་ཐོག་ཉམས་ཞིབ་བྱས་ཀྱི་ཡོད། བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་གནས་བཞིན་ཡོད་ནའང་རང་གི་ཐུན་མིན་རིག་གཞུང་སོགས་མུ་མཐུད་སྲུང་སྐྱོབ་གནང་བཞིན་ཡོད། དཔེར་ན། དེ་རིང་གི་མཛད་སྒོའི་སྐབས་སློབ་ཕྲུག་རྣམས་ནས་རིག་གཞུང་འཁྲབ་སྟོན་དང་། དེ་བཞིན་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་སྟེ་མཛད་སྒོ་དབུ་བཙུགས་གནང་བ་དེའི་ང་ཚོའི་དབར་འབྲེལ་བ་དམ་ཟབ་ཇི་ཙམ་ཡོད་པ་གསལ་པོར་མངོན་ཐུབ། ང་ཚོ་སོ་སོ་སོ་སོའི་རིག་གཞུང་ལ་རྩི་བཀུར་གནང་བའི་ཐོག་མུ་མཐུད་སྲུང་སྐྱོབ་གནང་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།།