༢༠༡༥ ཟླ་ ༡༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཧོན་སུར་རབ་རྒྱས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་དང་། སྨད་རྒྱུད་གྲྭ་ཚང་བཅས་ཀྱིས་གོ་སྒྲིག་འོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གསུང་ཆོས་ར་བའི་ནང་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༦ འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚུ་ཚོད་ ༡༠།༣༠ ཐོག་མགོན་པོ་གང་ཉིད་མཆོག་གཟིམ་ཆུང་ནས་ཆོས་རའི་དབུས་སུ་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་དང་། གཞན་ཡང་མཛད་སྒོའི་སྐུ་མགྲོན་དུ་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རྣམ་གཉིས། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་མཆོག རྒྱུད་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག ཀར་ནཱ་ཊ་ཀ་མངའ་སྡེའི་བློན་ཆེན་གྱི་ཆབ་སྲིད་གྲོས་འདོན་པ་དང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཨེ་ཆེ་པི་མན་ཇུ་ན་ཐ་ H.P Manjunath མཆོག་དང་། མངའ་སྡེའི་ལམ་བཟོའི་བློན་ཆེན་སྐུ་ཞབས་མ་ཧཱ་དེ་བ་ H.C Mahadevappa མཆོག རི་ཆ་ཊི་གེར་ Rechard Gere ལགས་བཅས་ཆེད་ཕེབས་གནང་ཡོད་པ་མ་ཟད། ལྷོ་ཕྱོགས་ས་གནས་ཁག་ལྔ་གཙོ་བོར་གྱུར་བའི་གྲྭ་བཙུན་སྔགས་གསུམ་དང་མི་མང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་བཅར་བའི་དད་ལྡན་མང་ཚོགས་བཅས་ཁྱོན་མི་གྲངས་སྟོང་ཕྲག་མང་པོས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་མཛད་སྒོར་མཉམ་ཞུགས་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་༸གོང་ས་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མངའ་སྡེའི་བློན་ཆེན་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མེ་ཏོག་ཕུལ་ནས་འཚམས་འདྲི་ཞུས། སྐབས་དེར་ཧོན་སུར་འོད་སྣང་སློབ་གྲྭས་རྔ་རོལ་དང་བཅས་ཏེ་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བླངས་རྗེས། སླར་ཧོན་སུར་འོད་སྣང་སློབ་གྲྭས་ཞི་བདེའི་བསྟོད་དབྱངས་བླངས། དེ་རྗེས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་སླད་ཧོན་སུར་རབ་རྒྱས་གླིང་སེར་སྐྱ་ཡོངས་ནས་རྟེན་འབྲེལ་འབུལ་མཚོན་དུ་གཟིམ་ཆུང་ནང་རྒྱུན་མཆོད་སྣང་གསལ་རིན་ཆེན་གསེར་ལས་གྲུབ་པའི་མཆོད་ཀོང་ཞིག་ས་འཐུས་དང་ས་འགོ དེ་བཞིན་རྒྱུད་སྨད་ཀྱི་མཁན་རིན་པོ་ཆེ་མཆོག་བཅས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འདེགས་འབུལ་ཞུས།
དེ་ནས་མཛད་སྒོའི་སྐུ་མགྲོན་མངའ་སྡེའི་ལམ་བཟོའི་བློན་ཆེན་སྐུ་ཞབས་མ་ཧཱ་དེ་བ་པ་མཆོག་གིས་མགོན་པོ་གང་ཉིད་མཆོག་མདོ་སྨད་སྟག་འཚེར་ཞིང་པའི་ཁྱིམ་ཚང་ཆུང་ཆུང་ཞིག་གི་ནང་སྐུ་འཁྲུངས་པ་ནས་བཟུང་ད་བར་བོད་ཀྱི་རྩ་དོན་གཙོས་སྐྱེ་འགྲོ་སྤྱིའི་བདེ་དོན་སླད་སྐུའི་རླབས་ཆེན་གྱི་མཛད་འགན་གཙོ་བོ་གསུམ་གྱིས་གཙོས་མཛད་འཕྲིན་རྣམས་འགྲེལ་བརྗོད་གནང་སོང་། དེ་བཞིན་མངའ་སྡེའི་བློན་ཆེན་གྱི་གྲོས་བཏོན་པ་སྐུ་ཞབས་མན་ཇུ་ནཱཐ་ལགས་ཀྱིས་གསུང་བཤད་གནང་བའི་ནང་། སྤྱིར་ཀར་ནཱ་ཊ་ཀ་མངའ་སྡེའི་ནང་ཡོད་པའི་བོད་རིགས་རྣམས་ཞི་འདུལ་བག་ཡོད་དང་ལྡན་ཞིང་མངའ་སྡེའི་གཞུང་ནས་བོད་རིགས་ཚོར་གང་ཐུབ་ཅི་ཐུབ་ཀྱིས་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཀྱི་ཡོད་པ། དེ་བཞིན་ས་གནས་ཡུལ་མི་དང་བོད་མིའི་དབར་མཛའ་བརྩེའེ་འབྲེལ་བ་དམ་ཟབ་ཡོད་སྐོར་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་མངའ་སྡེའི་ནང་༸ཞབས་སོར་བཀའ་དྲིན་བསྐྱངས་པ་དེས་བོད་རིགས་ཙམ་མིན་པར་རྒྱ་གར་ཡུལ་མིར་མཚོན་ནའང་ཧ་ཅང་བཀའ་དྲིན་ཆེན་པོ་དང་སྐལ་བ་བཟང་པོ་ཡིན་ཞེས་སོགས་ཀྱི་གསུང་བཤད་གྲུབ་མཚམས།
སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་རྣམས་ལ་བཀའ་སློབ་ཕེབས་པའི་ནང་། སྤྱིར་རྒྱ་གར་དབུས་གཞུང་དང་། ཡང་སྒོས་ལྷག་པར་ཅན་དུ་ཀར་ནཱ་ཊ་ཀ་མངའ་སྡེའི་གཞུང་མང་གཉིས་ནི་བོད་མི་ཚོར་ཧ་ཅང་བཀའ་དྲིན་ཆེ་བ་ཙམ་དུ་མ་ཟད་སྔ་ཕྱི་བར་གསུམ་དུ་རོགས་སྐྱོར་ཆེ་ཤོས་གནང་མཁན་ཞིག་ཡིན་པར་བརྟེན། ཐེངས་འདིར་ཕེབས་པའི་རྒྱ་གར་བློན་ཆེན་གཉིས་བརྒྱུད་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མངའ་སྡེའི་གཞུང་མང་གཉིས་ཀྱི་དྲིན་ལ་བརྟེན་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་གཞིས་ཆགས་སྲ་བརྟན་དང་སློབ་གྲྭ ལྷག་པར་ཆོས་རྒྱལ་བཀའ་དྲིན་ཅན་གྱི་དྲིན་ལས་དཔལ་ནཱ་ལེནྡྲའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐུབ་པའི་ཆོས་སྡེ་ཆེ་ཁག་ཚུགས་ཐུབ་ཡོད་པ་ཙམ་དུ་མ་ཟད། ཡར་རྒྱས་འགྲོ་ཐུབ་པ་བྱུང་སྐོར།
དེ་བཞིན་བོད་མི་བཙན་བྱོལ་བ་ཚོ་ལས་དང་སྨོན་ལམ་གྱི་འབྲེལ་བའི་དབང་གིས་དུས་ཚོད་ཛ་དྲག་ཅན་སྐབས་འདིར་བོད་མི་ཚོས་སྐྱིད་གཅིག་སྡུག་གཅིག་གིས་འབད་བརྩོན་གནང་བའི་འབྲས་བུར་ད་ཆ་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མི་འདྲ་ཙམ་ཞིག་ཆགས་ཡོད་པ་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་རིག་པས་གཏན་ལ་ཕབ་པའི་གུ་ཡངས་པའི་ཆོས་ལུགས་ཤིག་ཡིན་པར་བརྟེན། མགོན་པོ་གང་ཉིད་མཆོག་ལོ་ངོ་མང་པོའི་རིང་ཚན་རིག་དང་ནང་ཆོས་དབར་དགོངས་ཚུལ་བརྗེ་ལེན་མཛད་པར་བརྟེན་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། ཚན་རིག་པ་ཚོས་ནང་པའི་གཞུང་ལུགས་ནས་ལེགས་བཤད་བླངས་རྒྱུར་དགའ་མོས་ཆེན་པོ་བྱེད་བཞིན་ཡོད་སྐོར་དང་། ཡང་ནཱ་ལནྡྲའི་ཆོས་བརྒྱུད་ནི་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་འགྲོ་བ་མི་རིགས་ཡོངས་རྫོགས་ལ་ཕན་ཐོགས་ཡོད་པ་དང་། ལྷག་པར་དེང་དམག་འཁྲུག་དང་འཚེ་བའི་དུས་སྐབས་འདིར་དཔལ་ན་ལེནྡྲའི་བསྟན་པ་འདི་ནི་བོད་ཙམ་མ་ཟད། འཛམ་གླིང་གི་གཅེས་ནོར་ཡིན་པ་དང་། ལེགས་བཤད་དེ་དག་འགྲོ་བ་མི་རིགས་དུང་ཕྱུར་བདུན་ཅུར་དགོས་མཁོ་ཡོད་པ་ཞིག་ཡིན་ཞེས་དང་། ལེགས་བཤད་དེ་ལྟ་བུ་ད་ལྟའི་དུས་རབས་ཉེར་གཅིག་འདིའི་ནང་འཛིན་སྐྱོང་སྤེལ་གསུམ་ཐུབ་མཁན་བོད་པ་གཅིག་པུ་ཡིན་པ་མ་ཟད། ལེགས་བཤད་དེ་དག་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་བརྒྱབ་དགོས་པ་བྱུང་ན་བོད་ཀྱི་སྐད་ཡིག་ལས་ལྷག་པའི་སྐད་ཡིག་གཞན་གཅིག་ཀྱང་མེད་པར་བརྟེན། ང་ཚོ་བོད་མི་ཚོས་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་ཞེས་དང་། ཡང་ལེགས་བཤད་དེ་དག་ལ་ཐོས་བསམ་སློབ་གཉེར་བྱས་ཏེ་ཉམས་ལེན་སྤུས་དག་ཅིག་བྱེད་ཚེ་ནམ་ཞིག་བོད་མི་འགའ་ཤས་ཤིག་ལའང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཡང་ཐོབ་སྲིད་པར་བརྟེན། སྔོན་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུའི་བསམ་བློ་འཁོར་གྱི་མེད་ནའང་། ཞི་བདེའི་གཟེངས་རྟགས་ཤིག་ཐོབ་ན་བསམས་ནས་ཨུ་ཚུགས་བརྒྱབ་ཤོག ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་རྒྱུད་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་རྗེས་༸གོང་ས་མཆོག་གིས་གཙོས་བླ་ཆེན་རྣམ་པ་དང་། དེ་བཞིན་རྒྱ་གར་གནད་ཡོད་མི་སྣ་བཅས་ལྷན་འཛོམས་ཀྱི་ཉིན་གུང་ལྗགས་སྨིན་དགྱེས་བཞེས་མཛད་པ་དང་། ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་འཕྲོ་སྐྱོང་དང་དབང་གི་སྟ་གོན་མཛད། །