༢༠༡༥ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་གི་སྔོན་འགྲོའི་སྟ་གོན་དང་འབྲེལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད། སྐབས་དེར་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་སྐུ་ཚེའི་མཛད་འགན་གཙོ་བོ་གསུམ་གྱི་སྐོར་བཀའ་སློབ་སྩལ།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་བསྐོས་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་སྤོས་སྣེས་སྔོན་བསུས་ཀྱིས་༸གོང་ས་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གཙོས་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག གཞན་ཡང་དགོན་སྡེ་གྲྭ་ཚང་ཁག་གི་མཁན་བླ་སྤྲུལ་དང་དགེ་འདུན་འདུས་པ་རྒྱ་མཚོ། དེ་བཞིན་ཡུལ་ལུང་འདྲ་མིན་ནས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བའི་དབུས། ཐོག་མར་དཔལ་རྒྱུད་སྨད་གྲྭ་ཚང་གི་མཁན་པོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་སྦྲགས། ༸གོང་ས་མཆོག་གིས་མཁན་རིན་པོ་ཆེ་མཆོག་གིས་གཙོོས་ཐེངས་འདིར་གསུང་ཆོས་ཀྱི་སྦྱིན་བདག་རྣམས་ལ་མཇལ་ཁ་སྩལ་བ་དང་དུས་མཚུངས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་འུར་འདོན་མཛད་རྗེས་༸གོང་ས་མཆོག་གིས་ཆོས་འབྲེལ་བཀའ་སློབ་སྩལ་དོན།
དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་སྤྱིར་འཛམ་གླིང་ཧྲིལ་པོའི་ནང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་མ་ཟད། ང་རང་ཚོ་བོད་གངས་ཅན་པ་ཚོར་མཚོན་ནའང་རྐྱེན་ངན་མང་པོ་ཞིག་འཕྲད་པར་བརྟེན། བཙན་བྱོལ་དུ་གྱར་དགོས་བྱུང་ནས་བོད་མི་ཉུང་ཤས་ཤིག་ལས་མེད་ཀྱང་། བོད་མི་དེ་དག་གིས་སོ་སོ་རང་ཉིད་ཀྱི་ལྟོ་གོས་གཅིག་པུར་རང་མགོ་གང་ཐོན་ཙམ་མིན་པར་བོད་མི་རིགས་རིག་གཞུང་དང་བཅས་པ་འཚོ་གནས་ཆེད་དུ་བོད་རང་གི་སྐད་ཡིག་སྤྱི་དང་། ལྷག་པར་དཔལ་ནཱ་ལནྡྲའི་མཁས་པའི་དབང་པོ་ཚོས་ལེགས་པར་གཏན་ལ་ཕབ་པའི་རྨད་དུ་བྱུང་བའི་ལེགས་བཤད། དངོས་གནས་དྲང་གནས་རིག་པའི་ལམ་ནས་ངེས་པ་ཟིན་རྒྱུ་ཡོད་པ་དེ་འདྲ་ཞིག་ང་ཚོ་བོད་པས་དུས་ད་ལྟ་བར་དུ་བདག་པོ་བརྒྱབ་ནས་བསྡད་པ་རེད། དེ་ཚོ་གཅེས་པའི་སྲོག་ལས་ཀྱང་གལ་ཆེ་བ་ལྟ་བུ་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོ་བཙན་བྱོལ་བ་ཚོས་གང་ཡོང་ཅི་ཡོང་བྱས་ཡོད། ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་ནང་དུ་བསླེབས་ཡོད། རིས་སུ་མ་ཕྱེ་པའི་ཆོས་སྡེ་དང་ཆོས་བརྒྱུད་ཁག་སོ་སོས་མཐུན་རྐྱེན་སྐྱོ་བོ་ཞིག་གི་སྒང་ནས་གཞི་རྐང་ཞིག་ཟིན་ནས་རིམ་པས་ཡར་རྒྱས་ཕྱིན་ཡོད། དེའི་ནང་ཚན་ནས་རི་བོ་དགེ་ལྡན་པའི་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་དེ་དག་རྩ་བ་ལྟ་བུ་ཡག་ཐག་ཆོད་ཚུགས་ཐུབ་པ་བྱུང་ཡོད། ང་ཚོ་བཙན་བྱོལ་དུ་བསླེབས་ནས་ལོ་ ༥༦ ཕྱིན་པའི་དུས་ཡུན་དེའི་རིང་ང་ཚོ་བོད་མི་བཙན་བྱོལ་བ་ཚོས་གང་ཐུབ་ཅི་ཐུབ་བྱས་ཡོད། སྐབས་དེ་དུས་ཀྱི་མི་རབས་དངོས་གནས་དྲང་གནས་དཔལ་ནཱ་ལནྡྲའི་མཁས་པ་དང་འགྲན་ནུས་པའི་མཁས་པའི་དབང་པོ་མང་པོ་ཞིག་ད་ལྟ་དགོངས་པ་རྫོགས་ཚར་བ་ཡིན་རུང་། ཆ་རྐྱེན་དང་མཐུན་རྐྱེན་སྐྱོ་བོའི་གནས་སྟངས་དེ་འདྲ་ཞིག་གི་འོག་ནས་སྐྱེས་བུ་དེ་ཚོས་གཙོ་ཆེ་དཔེ་ཁྲིད་གནང་རྒྱུ་ལ་སོགས་པའི་ཕྱག་ལས་ཧུར་ཐག་གནང་ནས་ད་ལྟའི་ཆར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་མི་རབས་གསར་པ་ཆགས་ཡོད། དེ་རིང་གཙོ་བོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གིས། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འཆད་ཉན་ཐོས་བསམ་སྒོམ་གསུམ་དང་འབྲེལ་བའི་བསྟན་པ་འཛིན་ནུས་པ་སུ་ཡོད་ཅེས་གསུང་སྐབས། ཁོང་གི་ཐུགས་སྲས་རྗེ་བཙུན་ཤེས་རབ་སེངྒེས། བདག་གིས་བགྱིའོ། ཞེས་རྗེ་རིན་པོ་ཆེར་ཞལ་བཞེས་མཛད་དེ་རྒྱུད་སྨད་གྲྭ་ཚང་ཕྱག་བཏབ་ཡོད།
དེ་རིང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་འདིར་འཁྱུག་ཙམ་རིང་ཡོང་ནས་དཔལ་གསང་བ་འདུས་པའི་དབང་ཞིག་སྔགས་བླ་མེད་ཀྱི་ནང་ནས་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། རྒྱུད་ཀྱི་ནང་ནས་གསང་བ་འདུས་པ་ཟེར་བ་དེ་སྔགས་བླ་མེད་ཀྱི་ནང་ནས་གཙོ་ཆེ་ཤོས་དེ་ཆགས་ཀྱི་ཡོད། དེ་ང་ཚོས་སྔགས་ཀྱི་རྒྱལ་པོ་ལྟ་བུ་རེད་ཅེས་དཔེ་ཆའི་ནང་ནས་གསུང་པའི་ཚིག་ཙམ་མིན་པར་བསམ་བློ་བཏང་། སློབ་གཉེར་བྱས་པ་ཡིན་ན་གསང་སྔགས་ཀྱི་སྙིང་པོ་དེ་གཟུངས་འཇུག་སྐོར་དེ་ཆགས་ཡོད། ཀླུ་སྒྲུབ་ཡབ་སྲས་དང་རྗེ་རིན་པོ་མཆོག་གིས་གསང་བ་འདུས་པའི་ཐོག་ཐུགས་སྣང་ཧ་ཅང་ཆེན་པོ་མཛད་ཡོད། དེ་འདྲ་ཞིག་མཛད་པ་དེ་རྩ་ཆེན་པོ་རེད། ཅེས་བརྗོད་པ་ཙམ་གྱི་འགྲིག་གི་མེད། ང་རང་ཚོ་ཉིན་རེ་ཉིན་རེའི་ནང་ལྷ་སྐུ་བསྒོམ་པ་སོགས་ཉམས་ལེན་གནང་དགོས། ངོས་རང་གིས་ཀྱང་གང་ཐུབ་དེ་འདྲ་བྱེད་ཀྱི་ཡོད། ཧ་ཅང་རྒྱས་པོ་ནི་ཡོང་ཐུབ་ཀྱི་མི་འདུག གང་ལ་ཟེར་ན་དུས་ཚོད་ཀྱི་ཆ་ནས་འདང་གི་མི་འདུག དབང་སྐུར་སྐབས་དབང་རྒྱ་རྩ་བསྐུར་བའི་བཟོ་ཙམ་མིན་པར་གང་ལྟར་དོན་གཉེར་བྱས་ཏེ་དབང་ཞུས། ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་ཐད་འབད་བརྩོན་བྱ་དགོས། ལམ་སེང་རྟོགས་པ་སྐྱེ་རྒྱུ་ཁག་པོ་རེད། འོན་ཀྱང་རིམ་པ་ལྔ་ལ་གོ་བ་ཡག་པོ་ཆགས་པ་ཞིག་དང་། གོ་བ་ཆགས་པ་དེས་ཉིན་རེ་བཞིན་དུ་བཤགས་སྡོམ་རེ་རེ་བྱས་ནས་འགྲོ་དགོས་པ་རེད།
དེ་རིང་དབང་མནོད་མཁན་ཚོས་རྒྱུན་ལྡན་ལྟར་དབང་ཐོབ་སོང་སྐལ་བ་བཟང་པོ་ཡིན་བསམས་ནས་མ་བཞག་པར་ཏོག་ཙམ་ཨུ་ཚུགས་བརྒྱབ་དགོས་པ་རེད། སྤྱིར་སྔགས་ཟབ་མོ་མདོ་ཡི་སྐུ་དྲིན་ཡིན། ཞེས་གསུངས་པ་བཞིན། དངོས་བདེན་དེ་ལྟར་ཆགས་ཡོད། སྟོང་ཉིད་ཀྱི་ལྟ་བ་མེད་ཐབས་མེད་པ་ཞིག་རེད། སྟོང་ཉིད་ལྟ་བ་ཇི་ཙམ་གྱི་ཟབ་པ་ཞིག་ཡོད་ན་དེས་ཤེས་སྒྲིབ་ཀྱི་གཉེན་པོར་འགྲོ་ཐུབ་པ་ཞིག་དང་ཐམས་ཅད་མཁྱེན་པའི་རྒྱུ་རུ་བྱང་ཆུབ་སེམས་ཀྱི་ཟིན་པ་ཞིག་མ་བྱུང་ན་བྱེད་རྒྱུ་གང་ཡང་མེད། སྟོང་ཉིད་ལྟ་བ་ཤེས་སྒྲིབ་ཀྱི་གཉེན་པོར་འགྲོ་བར་བྱང་ཆུབ་སེམས་དགོས་པ་རེད། དེར་བརྟེན་སྟོང་ཉིད་ལྟ་བ་དེ་ཞལ་ལག་ལྟ་བུར་མཚོན་ན་ཚལ་བཙོ་བར་ཆུ་དགོས་པ་བཞིན་ཆུ་མེད་ན་བྱེད་རྒྱུ་གང་ཡང་མེད་པ་ལྟ་བུ་གཅིག་མཚུངས་ཡིན། བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བ་གཙོ་བོ་ཡིན་པར་བརྟེན་ཉིན་རེ་བཞིན་དུ་བློར་གོམས་འདྲིས་བསྟེན། ལྷག་པར་རྨི་ལམ་ཚུན་ཆད་བྱང་ཆུབ་སེམས་སོགས་རྨི་བར་འབད་བརྩོན་བྱ་དགོས། ཞེས་བཀའ་སློབ་སྩལ་རྗེས་ནང་ཆོས་ངོ་སྤྲོད་མཛད་སྐབས་༸གོང་ས་མཆོག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལས། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། ། ཞེས་པ་དེ་གསུང་འདོན་མཛད་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་སྦྲགས། སྟོན་པའི་ཡོན་ཏན་ལ་དད་པ་ལྷགས་པར་འཁྲུངས་ནས་ཡུད་ཙམ་རིང་བཤུམས་པར་མཛད། དེ་རྗེས་མུ་མཐུད་ནས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཁྱེད་རང་ཚོ་གསར་པ་མང་པོ་ཞིག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་ཡོད། སྤྱི་ཡོངས་ནས་ནམ་རྒྱུན་ངོས་ཀྱི་སངས་རྒྱས་པའི་ཆོས་ངོ་སྤྲོད་ཅིག་བྱས་ཀྱི་ཡོད། ང་ཚོ་ཚང་མས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་བརྒྱབ་ཀྱི་ཡོད། ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་སྔོན་གྱི་སྐྱེས་ཆེན་བྱང་ཆུབ་སེམས་པ་དེ་དག་གིས་བཀའ་དྲིན་ལ་བརྟེན་ནས་ང་རང་ཚོ་ཆོས་ཡག་པོ་ཞིག་ཤེས་ཀྱི་མེད་ཀྱང་མ་རྒན་སེམས་ཅན་ཐམས་ཅད། ཟེར་རྒྱུའི་གོམས་གཤིས་ཤིག་འཇགས་ཡོད་པ་དེ་ཧ་ཅང་རྩ་བ་ཆེན་པོ་རེད་འདུག མ་རྒན་སེམས་ཅན་ཐམས་ཅད་ཟེར་མཁན་ཞིག་གིས་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་མི་གཅིག་གྱུར་གྱི་འདུ་ཤེས་མ་རྗེད་པའི་ཐོག་ནས་ཕན་ཐོགས་ཐུབ་པ་ཞིག་བྱེད་དགོས་པ་དེ་ང་ཚོའི་ལས་འགན་རེད། འགྲུབ་དང་མ་འགྲུབ་གནས་ཚུལ་ཐ་དད་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས། ཐེངས་འདིར་བཀའ་ཆོས་དངོས་གཞི་རྟེན་འབྲེལ་བསྟོད་པ། རྟོགས་བརྗོད་བདུན་ལེགས་མ། དབུ་མའི་ལྟ་ཁྲིད་དྲན་པ་བཞི་ལྡན་སོགས་བཀའ་ཁྲིད་མཛད་ཡོད། །