ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །དགའ་ལྡན་ཁྲི་ཐོག་ཁང་འཛིན་སྐྱོང་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཐུན་མོང་ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་པར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༨ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཙམ་ལ་མགོན་པོ་གང་ཉིད་མཆོག་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དང་འཇམ་མགོན་རྒྱལ་བའི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དགོན་པའི་བླ་སྤྱིའི་འདུ་ཁང་དུ་ཆིབས་སྒྱུར་གྱིས་གནས་གཟིགས་གྲུབ་རྗེས་དགའ་ལྡན་ཁྲི་ཐོག་ཁང་གི་རྟེན་དང་བརྟེན་པ་བཅས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གསར་བཞེངས་ལེགས་གྲུབ་བྱུང་ཡོད་པ་དེ་དབུ་འབྱེད་རབ་གནས་མཛད། དེ་ནས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས། ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་དགའ་ལྡན་ཁྲི་ཐོག་ཁང་གི་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་བྱུང་བའི་དབུ་འབྱེད་ཀྱི་རྟེན་འབྲེལ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། གཙོ་བོ་སྤྱིར་སངས་རྒྱས་ཀྱི་བསྟན་པ་འདི་བསླབ་པ་གསུམ་གྱི་ཉམས་ལེན་དང་སྡེ་སྣོད་གསུམ་གྱི་འཆད་ཉན་དེ་དག་གཙོ་བོ་འཛིན་མཁན་དེ་དགེ་ལུགས་པ་འདྲ་བོ་ཆགས་ཀྱི་འདུག
ང་ཚོ་བཙན་བྱོལ་བ་ཆགས་ནས་ད་བར་མི་ལོ་ ༥༦ ཙམ་སོང་བའི་རིང་ཐོག་མར་འབག་ས་ནས་བཟུང་ཆོས་སྒར་ཁག་དང། གཞིས་ཆགས་ཁག་གསར་འཛུགས་ཀྱིས་མཚོན་པའི་དཀའ་ངལ་མང་པོ་ཞིག་བརྒྱུད་དེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ཆོས་སྲིད་ཟུང་འབྲེལ་གྱི་ཐོག་ནས་ཡོང་བ་ཞིག་རེད། ད་ལྟ་ང་ཚོའི་མི་རབས་བརྗེ་འགྲོ་གི་ཡོད། འོན་ཀྱང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་སོ་སོའི་ཆོས་དང་རིག་གཞུང་དེ་དག་མུ་མཐུད་འཛིན་སྐྱོང་གནང་རྒྱུའི་ལས་འགན་ཡོད། ལས་འགན་ཡོད་པ་ནང་བཞིན་ཚང་མས་ཧུར་ཐག་འབད་ཐག་གནང་ཡོད།
དེ་སྔ་བོད་ལ་དགའ་ལྡན་ཁྲི་ཐོག་ཁང་ཟེར་བ་ཞིག་ཡོད་ཀྱང་བཙན་བྱོལ་དུ་ད་བར་གསར་འཛུགས་ཞུ་ཐུབ་མེད། ད་ནས་བཟུང་དགེ་ལུགས་སྤྱི་ལ་ཁྱབ་པའི་ཁྲིམས་སྒྲིག་གིས་གཙོས་པའི་སངས་རྒྱས་ཀྱི་བསྟན་པ་ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་། སྡེ་སྣོད་གསུམ་གྱི་འཆད་ཉན་སོགས་ལ་གཙོ་བོ་འཛིན་གནང་དགོས་པ་དང་། དེ་བཞིན་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཚང་མས་མཉམ་རུབ་ཀྱིས་སངས་རྒྱས་བསྟན་པ་སྤྱི་ལ་སྨན་པའི་ཞབས་འདེགས་ཕྱོགས་གང་ས་ནས་བསྒྲུབ་དགོས། ངོས་ཀྱིས་ཉེ་སྔོན་བཤད་པ་ལྟར་ད་ལྟ་ང་ལོ་ ༨༡ ལ་བསླེབས་ཡོད་སྟབས། དུས་ཡུན་རིང་པོ་འཚོ་ཐུབ་རྒྱུར་དཀའ་ལས་ཁག་པོ་རེད། རྩ་བའི་ང་ཚོ་བོད་ཀྱི་གནད་དོན་དེ་མི་ལོ་ ༥༦ འགོར་ཟིན་ཀྱང་། ད་དུང་ངལ་བ་མང་དག་ཞིག་གི་འོག་གནས་ཡོད་སྟབས་གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱ་དགོས། བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་ཆག་འཇིག་དང་གཉན་འཕྲང་གི་དུས་སུ་སླེབས་ཡོད་པས་དེའི་ཐད་ལ་བོད་མི་ཚོས་འབད་སྤུངས་རྒྱ་གང་ཆེ་གནང་དགོས། བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དགེ་འདུན་འདུ་མང་ཚོས་བཤད་སྒྲུབ་ཀྱི་བསྟན་པ་འདི་དུས་ཡུན་རིང་པོར་རྒྱུན་གནས་ཐུབ་ཐབས་སུ་འཛིན་སྐྱོང་སྤེལ་གསུམ་དགོས་པ་དང་། ཕྱོགས་མཚུངས་མི་སྐྱ་ཕོ་མོ་རྣམས་ནས་ཀྱང་ནང་ཆོས་ལ་སློབ་གཉེར་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ། ཉིན་གུང་ལྗགས་སྨིན་གྲུབ་རྗེས་སླར་ཡང་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཡོད་པའི་གསང་ཆེན་སྨད་རྒྱུད་གྲྭ་ཚང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་བཅས།།