ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༧ ཉིན་རྡ་སར་རྟེན་གཞི་བྱས་པའི་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པས་ (Indo Tibetan Friendship Association) གོ་སྒྲིག་འོག གངས་སྐྱིད་ལས་བྱེད་གསོལ་ཐབ་ཁང་གི་ཡང་སྟེང་གཉའ་ཁྲི་ཚོགས་ཁང་ནང་། ཕྱི་ཟླ་ ༡༢ ཚེས་ ༡༠ དང་ ༡༡ བཅས་ཉིན་གྲངས་གཉིས་རིང་རྡ་ས་མེཀ་ལོ་གྷན་ཇིར་ཡོད་པའི་སྦག་སུ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་ཧི་མཱ་ལ་ཡའི་དུས་སྟོན་གོ་སྒྲིག་ཞུ་འཆར་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་རྡ་ས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་བོད་མི་མང་སྤྱི་འཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་དང་། ཤྲི་རམ་སྭ་རུབ་ལགས། རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས། སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་བཅས་ཕེབས་ཏེ་ཕྱི་ནང་གི་གསར་འགོད་པ་ ༢༠ ཙམ་ལྷན་འཛོམས་ཀྱིས་ཐོག་མར་སྤྱི་འཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། དེ་སྔ་ལོ་མང་རིང་ནས་རྒྱལ་སྤྱིའི་ཧི་མཱ་ལ་ཡི་དུས་སྟོན་ཞེས་པ་དེ་གོ་སྒྲིག་ཞུ་མུས་ཡིན། ལོ་ལྟར་རྒྱལ་སྤྱིའི་ཧི་མཱ་ལ་ཡི་དུས་སྟོན་གོ་སྒྲིག་མ་ཞུ་གོང་གསར་འགོད་གསལ་བསྒྲགས་ཤིག་བསྐོང་ཚོགས་གནང་གི་ཡོད། ཕྱི་ཟླ་ ༡༢ ཚེས་ ༡༠ དང་ ༡༡ ཉིན་རྒྱལ་སྤྱིའི་ཧི་མཱ་ལ་ཡི་དུས་སྟོན་གྱི་ལས་རིམ་ཁག་ངོ་སྤྲོད་གནང་གི་རེད། ང་རང་ལོ་མང་སྔོན་ནས་རྡ་ས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ནང་མེད། འོན་ཀྱང་ཉིན་ཤས་སྔོན་ནས་ང་རང་རྡ་ས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པར་བསྐོ་བར་བརྟེན། དེ་རིང་འདིར་ཡོང་བ་ཡིན། ཞེས་སོགས་ཀྱི་ངོ་སྤྲོད་གནང་རྗེས་ཤྲི་རམ་སྭ་རུབ་ལགས་ཀྱིས་གསུང་དོན། ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཕྱི་ལོ་ ༡༩༨༩ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པར་བརྟེན། ཧི་མཱ་ཅལ་མངའ་སྡེ་དང་། རྡ་རམ་ས་ལ། རྒྱ་གར་རྒྱལ་ཡོངས། དེ་བཞིན་འཛམ་གླིང་ཞི་བདེར་མོས་མཐུན་ཡོད་པ་རྣམས་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཡོད། དེར་བརྟེན་ཕྱི་ལོ་ ༡༩༩༥ ལོ་ནས་བཟུང་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དགའ་སྟོན་རྟེན་འབྲེལ་མཚོན་བྱེད་རྡ་ས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པས་ཉིན་དེར་འཛམ་གླིང་ཞི་བདེའི་ཉིན་མོ་དང་། མཛའ་གྲོགས་ཀྱི་འབྲེལ་ལམ་གོང་སྤེལ། དེ་བཞིན་དགུན་དུས་ཡུལ་སྐོར་སྤྲོ་འཆམ་པ་དེ་ཙམ་མེད་སྟབས་ཡུལ་སྐོར་སྤྲོ་འཆམ་པའི་ཡིད་དབང་འཕྲོག་ཆེད་རྒྱལ་སྤྱིའི་ཧི་མྰ་ལ་ཡའི་དུས་སྟོན་སྲུང་བརྩི་ཞུ་མུས་ཡིན།
ཧི་མྰ་ཅལ་མངའ་སྡེ་གཞུང་དང་བོད་མིའི་སྒྲིག་འཛུགས་ནས་དུས་རྟག་ཏུ་ང་ཚོར་མཐུན་འགྱུར་ཧ་ཅང་གནང་བྱུང་། འདི་ལོའི་དུས་སྟོན་དེ་བཞིན་ Hotel Bagsu མགྲོན་ཁང་ར་བའི་ནང་གོ་སྒྲིག་ཞུ་རྒྱུ་ཡིན། དུས་སྟོན་སྐབས་ཧི་མཱ་ཅལ་མངའ་སྡེའི་ཀུ་ལུ་དང་མན་ཌི། ཅྰམ་པ། བོད་ཀྱི་ཟློས་གར། ས་གནས་ཀྱི་སྒྱུ་རྩལ་བ་བཅས་མགྲོན་དུ་འབོད་ཡོད། ཕྱི་ཚེས་ ༡༠ ཉིན་དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ལྷན་ཁང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སུ་དྷིར་ཤཱར་མཱ་ ( Sudhir Sharma, minister for Urban Development and tourism) མཆོག་དང་། དམིགས་བསལ་ཆེ་བསྟོད་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མགྲོན་འབོད་ཞུས་ཡོད། དེ་བཞིན་ཕྱི་ཚེས་ ༡༡ ཉིན་མཇུག་སྒྲིལ་མཛད་སྒོར་ཀ་ངྒ་ར་རྫོང་དཔོན་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་མགྲོན་འབོད་ཞུས་ཡོད། ཐུགས་རྗེ་ཆེ། ཞེས་གསར་འགོད་གསལ་བསྒྲགས་སྤེལ་གྲུབ་མཚམས་རྡ་ས་ས་གནས་འགོ་འཛིན་དང་། སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་རྣམ་གཉིས་ཀྱི་བོད་སྐད་ཐོག་གསུང་བཤད་གནང་ཡོད་པ་བཅས།།