༢༠༡༠ ཟླ་ ༥ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༤ ཉིན་ཉེ་ཆར་བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཚབས་ཆེ་བྱུང་བའི་བདུན་ཚིགས་གསུམ་པར་སྨོན་ལམ་དང་མཆོད་འབུལ་རྒྱ་ཆེ་གནང་ཆེད་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ལམ་སྟོན་འོག་བོད་མི་སྐྱབས་བཅོལ་གནས་སྡོད་ས་ཁུལ་ཡོངས་ནས་ཉིན་བརྒྱ་དུས་གཅིག་ལ་མྱ་ངན་གུས་བཏུད་དང་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་ཡོད། དེ་ཉིན་ཞོགས་པ་ཆུ་ཚོད་ ༧།༣༠ ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་ཆེ་ཕྲ་ཡོངས་དང་། རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་དབུས་རྡ་སའི་ཉེ་འཁོར་དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ། གཞུང་འབྲེལ་མིན་སྡེ་ཚན་གྱི་ལས་བྱེད། སློབ་ཕྲུག སེར་སྐྱ་མི་མང་བཅས་མི་གྲངས་ ༣༠༠༠ བརྒལ་བ་ཚང་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྨོན་ལམ་གསོལ་འདེབས་རྒྱ་ཆེ་གནང་ཡོད།
སྐབས་དེར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸རྒྱལ་བའི་དབང་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ་སྐྱབས་ཡུལ་དགེ་འདུན་གྱི་སྡེ་དང་། འདིར་ཕེབས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་མཚོན་ཚོགས་ཞུགས་ཚང་མར་སྙན་སེང་ཞུ་རྒྱུར། ཚང་མས་དགོངས་མངའ་ལྟར། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ སྔ་དྲོ་སྐྱེ་རྒུ་མདོར་ས་ཡོམ་གྱི་འཇིག་པ་ཆེན་པོ་བྱུང་རྗེས་གཞུང་འབྲེལ་གསལ་བསྒྲགས་བྱས་པ་ལས་ཧ་ཅང་མང་བའི་མིའི་ལུས་སྲོག་ཤོར་བ་དང་། དེ་བཞིན་མི་མང་ཁྲི་ཕྲག་མང་པོར་རྨས་སྐྱོན་དང་སྡོད་ཁང་ལ་སོགས་པའི་དཀའ་ངལ་ནང་ཚུད་པ་དེ་དག་དང་མཉམ་དུ་བཙན་བྱོལ་བོད་མི་ཚོའི་གདུང་སེམས་མཉམ་སྐྱེ་དང་སྐྱིད་སྡུག་མཉམ་མྱོང་ཚུན་ཆད་ས་ཡོམ་བྱུང་བའི་ཚེས་གྲངས་ཉིན་མོ་དེར་༸གོང་༸སྐྱབས་མགོན་ཆེན་པོས་ཐུགས་སྨོན་བདེན་ཚིག་རླབས་ཆེན་གནང་བ་མ་ཟད། དེའི་ཕྱི་ཉིན་ཚེས་ ༡༥ ཉིན་གཞུང་འབྲེལ་གྱི་སྨོན་ལམ་ཚོགས་གནང་བ་རེད།
ཉེ་ཆར་བདུན་ཚིགས་གཉིས་པའི་ཐོག་ལའང་གཞུང་འབྲེལ་སྨོན་ལམ་རྒྱས་པ་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་འཁོད་ཡོད། ད་རེས་བདུན་ཚིགས་གསུམ་པ་དེ་འཁེལ་གྱི་འདུག དེར་བརྟེན་གལ་ཆེ་བའི་བདུན་ཚིགས་གཅིག་ཆགས་པ་ཡིན་དུས་དེའི་ཉིན་མོ་བཙན་བྱོལ་བོད་མི་གནས་ཡུལ་ཡོངས་སུ་རྫོགས་པ་རྒྱ་བལ་འབྲུག་གསུམ་མཚོན་པའི་ཕྱི་རྒྱལ་ཁག་སོགས་ཚང་མས་དུས་གཅིག་ལ་ས་གནས་སོ་སོའི་སྔ་དྲོའི་ཆུ་ཚོད་ ༧།༤༩ ཐོག་ཚང་འཛོམས་བྱེད་རྒྱུ་དང་།
ས་ཡོམ་གྱི་འཇིག་པ་བྱུང་བ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་ལྷག་པར་དུ་འདས་པོ་རྣམས་ལ་སྨོན་ལམ་རྒྱག་རྒྱུའི་ཆེད་སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུ་རྒྱུ། དེ་རྗེས་མཆོད་འབུལ་ཚོགས་རྒྱུ་བཅས་དེ་རིང་ཉིན་བརྒྱ་དུས་གཅིག་ལ་བཙན་བྱོལ་བོད་རིགས་གནས་ཡུལ་ཚང་མས་ཞུ་གི་ཡོད། དེ་ཡང་དེ་འདྲ་ཞིག་གནང་དགོས་ཀྱི་ཡོད་པའི་དགོངས་ཆར་ཕྱོགས་མང་པོ་ཞིག་ནས་བྱུང་བ་ཡིན་དུས་བཀའ་ཤག་གིས་གོ་སྒྲིག་ཞུས་ཏེ་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་གདན་འདྲེན་ཞུས་ནས་སྤུན་ཟླ་རྣམ་པས་མཚོན་བོད་རིགས་སེར་སྐྱ་ཡོངས་རྫོགས་ཀྱིས་མྱ་ངན་མཚོན་ཆེད་སྐར་མ་གཅིག་གི་རིང་ངག་བཅད་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་གྲུབ་བསྟུན་མྱ་ངན་ངག་བཅད་སྐར་མ་གཅིག་གི་རིང་ཞུས།
དེ་རྗེས་སྨོན་ལམ་གསོལ་འདེབས་མུ་མཐུད་དབུ་འཛུགས་གནང་བ་དང་། དེ་ནས་བོད་གཞུང་ཆོས་རིག་བཀའ་བློན་མཆོག་གིས་སྐྱབས་མཐོ་སྙན་སྒྲོན་དང་འབྲེལ་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་གཅིག་དང་། སྣང་གསལ་གྱི་མཆོད་པ་སྟོང་ཚར་འབུལ་བཤམས་དང་འབྲེལ་འཕགས་ཚོགས་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་བཞེས་བག དགེ་འདུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ རེ་བཅས་འབུལ་ལམ་ཞུས་པ་དང་། ས་ཡོམ་གྱིས་འཇིག་པས་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་མཚོན་སེམས་ཅན་ཚེ་ལས་འདས་པ་ཡོངས་ནས་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་མཐའ་དག་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་སྐུ་བཞི་རྒྱལ་བའི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་པ་དང་། རྨས་སྐྱོན་ཕོག་པ་རྣམས་ཀྱང་མྱུར་དུ་དྲག་སྐྱེད་ཀྱིས་ཚེ་ལྷག་དོན་ལྡན་ཡོང་བ་དང་། བོད་གངས་ཅན་ལྗོངས་ཀྱི་གཙོས་འཇིག་རྟེན་ཀུན་ཏུ་སྙིགས་ལྔའི་གུད་ཚོགས་སྤྱི་དང་བྱེ་བྲག་འབྱུང་གཞིའི་འཇིག་པ་མི་འབྱུང་བར་བོད་དོན་བདེན་མཐའ་གསལ་ནས་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་ཐུགས་སྨོན་གསོལ་འདེབས་རྒྱ་ཆེ་གནང་བ་བཅས།