༢༠༡༥ ཟླ་ ༡༢ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༡ ནས་ ༣༠ བར་ཉིན་གྲངས་བཅུ་རིང་ཉི་ཧོང་སྐུ་ཚབ་དོན་ཁང་གིས་༼བོད་ཀྱི་གསོ་རིག་དང་རྩིས་རིག ལུས་སེམས་བདེ་ཐང་།༽ ཞེས་པའི་བརྗོད་གཞིའི་ཐོག་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དེེར་རྡ་ས་དབུས་སྨན་རྩིས་ཁང་གི་སྨན་པ་བསྟན་འཛིན་ཆོས་དབྱིངས་ལགས་དང་སྐར་རྩིས་པ་བསྟན་འཛིན་དབྱངས་སྐྱིད་ལགས་རྣམ་གཉིས་མགྲོན་འབོད་ལྟར་མཉམ་ཞུགས་གནང་ཡོད། དེ་ཡང་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ལས་རིམ་དེ་ལྟར་གོ་སྒྲིག་གནང་དགོས་དོན་ནི། ཉི་ཧོང་བ་དོན་གཉེར་ཅན་རྣམས་ལ་བོད་ཀྱི་གསོ་རིག་དང་རྩིས་རིག་ཉམས་ལེན་བྱེད་སྟངས་སྐོར་གོ་རྟོགས་སྤེལ་ཆེད་ཡིན་འདུག
སྐབས་དེར་སྨན་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་བརྒྱུད་ལུས་སེམས་བདེ་ཐང་བྱུང་སྟངས་སྐོར་གསུང་བཤད་གནང་སྐབས། ཁོང་གིས་བོད་ཀྱི་གསོ་བ་རིག་པའི་བྱུང་རིམ་དང་། ནང་ཆོས་དང་འབྲེལ་བ་ཇི་ལྟར་ཡོད་ཚུལ། བོད་སྨན་གྱི་ཕན་ཡོན་བཅས་ངོ་སྤྲོད་གནང་ཡོད་པ་མ་ཟད། ནད་གཞི་ཐམས་ཅད་རླུང་དང་། མཁྲིས་པ། བེ་ཀན་བཅས་དབྱེ་བ་གསུམ་དུ་ཕྱེ་ཡོད་པ་དང་། ནད་གཞི་དེ་དག་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གསུམ་དང་འབྲེལ་བ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག གཟུགས་ཁམས་བདེ་ཐང་ཆེད་ཟས་སྤྱོད་དང་འབྱུང་བ་བཞི་ཁོད་སྙོམས་དགོས་རྒྱུ་གལ་ཆེན་ཡིན་སྐོར་སོགས་ངོ་སྤྲོད་གནང་ཡོད།
དེ་བཞིན་སྐར་རྩིས་པ་བསྟན་འཛིན་དབྱངས་སྐྱིད་ལགས་ཀྱིས་བོད་ཀྱི་རྩིས་རིག་དང་གསོ་རིག་དབར་གྱི་འབྲེལ་བ་དང་། སྐར་རྩིས་ནང་ས་ཆུ་མེ་རླུང་བཅས་འབྱུང་བ་བཞིའི་གལ་གནད། བོད་ཀྱི་གསོ་བ་རིག་པའི་སྨན་པ་ཚད་ལྡན་ཞིག་ཡོང་བར་བོད་ཀྱི་སྐར་རྩིས་སྐོར་གོ་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས། སྐབས་དེར་མི་ཚོགས་མང་པོ་འདུ་འཛོམས་བྱུང་ཡོད་པ་མ་ཟད། བོད་ཀྱི་སྨན་རྩིས་ཐོག་དོ་སྣང་ཆེན་པོ་གནང་འདུག བོད་ཀྱི་གསོ་རིག་དང་རྩིས་རིག་གོ་རྟོགས་ཀྱི་ལས་རིམ་འདི་བརྒྱུད་མི་མང་པོའི་གཟུགས་པོ་དང་སེམས་ཁམས་བདེ་ཐང་ཡོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད།།