༢༠༡༥ ཟླ་ ༡༡ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་ (Sydney)དང་མེལ་བྷོན། (Melbourne) བྷི་རི་སི་སྦེན། (Brisbane)ཀེན་བྷེ་ར། (Canberra) ཨེ་ཌི་ལེ་ཌི། (Adelaide) དེ་བཞིན་ཧོ་བྷ་ཊི་ (Hobart) བཅས་ཀྱི་ནང་དུ་མི་མང་སྟོང་ཕྲག་མང་པོས་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ COP21 ཞེས་པ་དེ་འཚོགས་བཞིན་ཡོད་པར་བརྟེན། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་སླད་འཛམ་གླིང་དབུ་ཁྲིད་རྣམ་པས་དོན་སྙིང་ལྡན་པའི་གྲོས་ཆོད་འཇོག་ཐུབ་དགོས་པའི་འབོད་སྐུལ་གྱི་མི་མང་གོམ་བགྲོད་ལས་འགུལ་ (People`s Climate march) སྤེལ་འདུག
སྐབས་དེར་ཨོ་སི་ཊོ་ལི་ཡའི་ཁུལ་གྱི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་དབུ་ཁྲིད་འོག་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་གོམ་བགྲོད་ལས་འགུལ་དེའི་ནང་མཉམ་ཞུགས་གནང་བ་མ་ཟད། གོ་སྐབས་དང་བསྟུན་ཕ་རན་སིའི་རྒྱལ་སའི་ནང་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་སྐབས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཆེད་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེར་བརྩི་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག དེ་ཡང་ལྷོ་ཕྱོགས་ཨོ་གླིང་བོད་རིགས་ཚོགས་པའི་འགོ་ཁྲིད་བསྟན་འཛིན་ཆོས་སྐྱིད་ལགས་དང་། ཨོ་གླིང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས་སོགས་ཀྱིས་ལས་འགུལ་དེ་ཧ་ཅང་ཕན་རླབས་ཆེ་བ་ཞིག་བྱུང་ཡོད་སྐོར་གསུང་དོན། ཐེངས་འདིར་ལོ་རྒྱུས་རང་བཞིན་ལྡན་པའི་མི་མང་གོམ་བགྲོད་ལས་འགུལ་འདི་ལྟ་བུའི་ནང་ཆ་ཤས་བླང་རྒྱུའི་གོ་སྐབས་ཐོབ་པ་ནི་ཨོ་གླིང་གནས་སྡོད་བོད་མི་ཡོངས་ཀྱི་སེམས་ནང་དགའ་སྤོབས་སྐྱེ་འོས་པ་ཞིག་ཡིན། གཞིས་ལུས་བོད་མི་རྣམ་པས་བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་བའི་རྗེས་འབྲས་ངན་པ་རྣམས་དངོས་སུ་མྱོང་བཞིན་ཡོད། ལྷག་པར་བོད་མི་འབྲོག་པ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་རྩ་ཐང་ཐོག་ཁོར་ཡུག་དང་ཧ་ཅང་འགྲོགས་འདྲིས་ཆེན་པོ་བྱས་ནས་འཚོ་གནས་ཐུབ་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ད་ཆ་རྒྱ་ནག་གཞུང་གིས་བོད་མི་འབྲོག་པ་རྣམས་ཀྱི་འཚོ་བའི་གོམས་སྲོལ་གྱིས་ཁོར་ཡུག་ཐོག་ཉམས་ཆགས་ཤུགས་ཆེ་བཟོ་བཞིན་ཡོད་པའི་བསྙོན་འཛུགས་བྱས་ནས་འབྲོག་ས་ནས་བཙན་དབང་འོག གྲོང་གསེབ་གསར་པའི་ནང་གནས་སྤོ་བྱེད་འཇུག་བཞིན་ཡོད། དེར་བརྟེན་ང་ཚོས་དེ་རིང་འདིར་ཁོང་རྣམ་པའི་ཚབ་བྱས་ནས་ཁོང་ཚོའི་སྡུག་སྐད་དེ་དག་འཛམ་གླིང་ཕྱི་ལ་བསྒྲགས་ཆེད་ལས་འགུལ་ནང་མཉམ་ཞུགས་བྱེད་བཞིན་ཡོད། ཅེས་གསུངས།
ཕྱོགས་མཚུངས་ཨོ་གླིང་བོད་དོན་ཚོགས་ཆུང་ (Australia Tibet Council) ཞེས་པ་དེས་བོད་ཀྱི་ཁོར་ཡུག་དེ་གོ་ལ་སྤྱིའི་གནས་བབ་ཐོག་ནས་གལ་གནད་ཆེན་པོ་ཡིན་སྟབས་སྲུང་སྐྱོབ་དགོས་པའི་རྒྱུ་མཚན་ལུང་འདྲེན་གནང་བའི་སྙན་ཐོ་ (Tibet-An Environmental Challenge) ཞེས་པ་དེ་དབུ་འབྱེད་གནང་འདུག སྐབས་དེར་ཚོགས་ཆུང་གི་ལས་འགུལ་གོ་སྒྲིག་ཚོགས་གཙོ་སྐྱིད་འཛོམས་ལགས་ཀྱིས་གསུང་དོན། ཨེ་ཤི་ཡའི་རྒྱུག་ཆུ་ཆེ་ཁག་གི་འབྱུང་ཁུངས་དང་གོ་ལའི་ལྷོ་བྱང་གི་སྣེ་གཉིས་ཕུད་པའི་འཐུང་ཆུའི་ཆུ་མཛོད་ཆེ་ཤོས་དེ་བོད་མཐོ་སྒང་ཆགས་ཡོད་སྟབས། དུས་རབས་ ༢༡ ནང་འདིར་གོ་ལ་སྤྱིའི་ཟ་འབྲུ་དང་འཐུང་ཆུའི་ཐོན་ཁུངས། དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་གནད་དོན་མང་པོ་ཞིག་དང་འབྲེལ་བའི་དཀའ་ངལ་གྱི་འབྱུང་རྩ་ལྟ་བུ་བོད་མཐོ་སྒང་དེ་ཆགས་ཡོད་སྟབས་ཐེངས་འདིར་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་སྐབས་བོད་ཀྱི་ཁོར་ཡུག་དེ་གལ་གནད་ཆེ་ཤོས་སུ་བརྩིས་ནས་བོད་ནང་དུ་ཁོར་ཡུག་དང་འབྲེལ་བའི་དཀའ་ངལ་འཕྲད་བཞིན་པའི་གནད་དོན་རྣམས་སེལ་ཆེད་འབད་བརྩོན་གནང་དགོས། ཞེས་འབོད་སྐུལ་གནང་ཡོད།།