༢༠༡༥ ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༧ ནས་ ༢༢ བར་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་ནང་དུ། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གུང་རུ་ཁང་ཚན་གྱི་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་དོན་གྲུབ་ལགས་ཀྱིས་གཙོ་འགན་ཐོག དགེ་འདུན་པ་ཁག་གཅིག་གིས་ས་གནས་ཡུལ་མི་རྣམས་ལ་བོད་བརྒྱུད་ནང་བསྟན་ངོ་སྤྲོད་དང་སྦྲགས། སྔགས་ཀྱི་ཆོ་ག་དང་འབྲེལ་བའི་དཔལ་དུས་ཀྱི་འཁོར་ལོའི་རྡུལ་མཚོན་དཀྱིལ་འཁོར་བཞེངས་བསྐྲུན་གནང་བ་མ་ཟད། གསོ་རིག་སྨན་པས་ནད་གཞི་བརྟག་དཔྱད་གནང་བ་བརྒྱུད་བོད་ཀྱི་རིག་གཞུང་ངོ་སྤྲོད་གནང་སྐབས་མང་ཚོགས་རྣམས་ཀྱིས་དོ་སྣང་ཧ་ཅང་བྱས་འདུག་པ་མ་ཟད། དཀྱིལ་འཁོར་བཞེངས་སར་ལྟ་བ་དང་། བོད་བརྒྱུད་ནང་བསྟན་གྱི་ཆོ་ག་ཕྱག་ལེན་རྣམས་ཀྱི་གོ་དོན་ཇི་ཡིན་ཤེས་རྟོགས་སླད་དོགས་འདྲི་ཞུ་སྐབས་དགེ་འདུན་པ་རྣམས་ཀྱིས་ལན་འདེབས་དང་གསལ་བཤད་གནང་བར་མང་ཚོགས་རྣམས་ཀྱི་བློ་ཡིད་ཚིམས་པའི་རྣམ་འགྱུར་མངོན་གསལ་བྱུང་འདུག
དེ་ཡང་རེས་གཟའ་ཉི་མ་སྟེ་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༢ ཉིན་རྡུལ་མཚོན་དཀྱིལ་འཁོར་མཇུག་བསྡུའི་མཛད་སྒོའི་སྐབས་མང་ཚོགས་ ༢༠༠ བརྒལ་བ་རྣམས་ཀྱིས་ཧ་ཅང་དོ་སྣང་ཆེན་པོས་ལྟ་བཞིན། ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་སྐབས་དེར་འབྲས་སྤུངས་སྒོ་མང་གྲྭ་ཚང་དང་ཨུ་རུ་སུའི་ནང་པའི་རྒྱལ་ཁབ་ཁག་གཅིག་དབར་ལོ་རྒྱུས་ཐོག་འབྲེལ་བ་གཏིང་ཟབ་ཡོད་སྐོར་གསལ་བཤད་སྐབས། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་ནང་པ་ཚོས་དེ་སྔ་བོད་དུ་དུས་ལོག་མ་བྱུང་སྔོན་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་དུ་ནང་ཆོས་སློབ་གཉེར་གནང་སྲོལ་ཡོད་པ་ཙམ་མ་ཟད། ཕྱིས་སུ་བོད་མི་རྣམས་བཙན་བྱོལ་བ་ཆགས་རྗེས་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གལ་སྒོ་མང་གྲྭ་ཚང་ནང་དུ་མུ་མཐུད་ནས་བོད་བརྒྱུད་ནང་བསྟན་སློབ་གཉེར་གནང་བཞིན་ཡོད་པ་དང་།
ཐེངས་འདིར་བོད་བརྒྱུད་ནང་བསྟན་ངོ་སྤྲོད་ཀྱི་རིག་གཞུང་འགྲེམས་སྟོན་སྐབས་མང་ཚོགས་རྣམས་ཀྱིས་ཞལ་འདེབས་གང་ཕུལ་བ་རྣམས་བོད་བརྒྱུད་ནང་བསྟན་གྱི་འཛིན་སྐྱོང་སྤེལ་གསུམ་ཆེད་དུ་སྦྱོར་རྒྱུ་ཡིན་སྟབས་དགེ་བའི་རྩ་བར་གྱུར་རྒྱུ་ཡིན་སྐོར་སོགས་གསུངས་པ་དང་སྦྲགས། ཕྱི་ཟླ་ ༡༢ ཚེས་ ༥ ཉིན་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་ཡོངས་གྲགས་སུ་དགའ་ལྡན་ལྔ་མཆོད་ཆེན་མོ།ཞེས་དུས་ཆེན་གལ་ཆེར་བརྩི་སྲོལ་ཡོད་པ་ལྟར་སྐབས་དེར་རྒྱལ་ས་མོ་སི་ཀོའི་ནང་དུའང་ཆོས་ཕྱོགས་ཀྱི་བྱེ་སྒོ་སྣ་མང་ཞིག་སྤེལ་རྒྱུ་ཡིན་སྟབས་མང་ཚོགས་གང་མང་གིས་མཉམ་ཞུགས་གནང་གལ་ཆེ་བའི་ལམ་སྟོན་གནང་ཡོད།།