ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༦ ཉིན་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་གྲོང་ཁྱེར་པ་ཊི་ཡ་ལ་ནས་འགོ་བཙུགས་ཀྱིས་ཕྱི་ཚེས་ ༢༢ བར་གྲོང་ཁྱེར་ཨམ་བྷ་ལ་དང་ཅན་དི་སྒར་བཅས་སུ་འགྲེམས་སྟོན་གནང་ཡོད་འདུག
ཐེངས་འདིའི་འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་རིག་གཞུང་དང་ལོ་རྒྱུས། ལྷག་པར་༸གོང་ས་མཆོག་གིས་མཛད་འཕྲིན་ཁག་ས་ཁུལ་དེ་དག་གི་ཡུལ་མིའི་ཁྲོད་གོ་རྟོགས་ཡོང་སླད་ཡིན་ཞིང་། འགྲེམས་སྟོན་སྐབས་གོང་བརྗོད་གྲོང་ཁྱེར་དེ་དག་གི་ནང་དགུན་ཚོང་རྒྱག་བཞིན་པའི་བོད་མི་སུད་ཚོང་བ་རྣམས་ཀྱིས་མཉམ་རུབ་དང་མཐུན་འགྱུར་གནང་འདུག ཐེངས་འདིར་འགྲེམས་སྟོན་གོ་སྒྲིག་བྱེད་ཡུལ་ས་ཁུལ་དེ་དག་བདམས་དགོས་པའི་དགོས་དམིགས་གཙོ་བོ་ནི། གྲོང་ཁྱེར་དེ་དག་གི་ནང་བོད་མིའི་ཁྲོམ་སར་ཡོང་མཁན་རྒྱ་གར་དང་ཕྱི་རྒྱལ་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱིས་བོད་ཀྱི་ཆོས་དང་རིག་གནས། དེ་བཞིན་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་སྐོར་རྒྱུས་ལོན་ཡོང་ཆེད་ཡིན་འདུག
གཞན་ཡང་པར་རིགས་འགྲེམས་སྟོན་སྐབས་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་སླད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་དང་། ཆོས་ལུགས་མཐུན་སྒྲིལ་གོང་སྤེལ། གཞན་ཡང་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུའི་སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་དང་། འཕགས་བོད་འབྲེལ་ལམ་བཅས་ཀྱི་བརྗོད་གཞིའི་ཐོག་འགྲེམས་སྟོན་གནང་འདུག ཕྱོགས་མཚུངས་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་མང་ཚོགས་ལ་བསྟན་ཡོད་པ་ཟད། ཕྱི་དྲིལ་ལས་ཁུངས་ནས་པར་སྐྲུན་ཞུས་པའི་དཔེ་དེབ་ཁག་གཅིག་དང་དང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གྱི་དཔེ་དེབ་བཅས་མང་ཚོགས་ལ་འགྲེམས་སྤེལ་གནང་ཡོད།
ཕྱི་ཚེས་ ༢༥ ཉིན་ཅན་དི་སྒར་གྱི་ཉེ་འདབས་སུ་ཆགས་པའི་མོ་ཧ་ལི་ Mohali ཡོད་པའི་བོད་མིའི་སུད་ཚོང་བའི་ཁྲོམ་རར་འགྲེམས་སྟོན་གནང་ཡོད་པ་མ་ཟད། ཕྱི་ཚེས་ ༢༧ དང་ ༢༨ བཅས་ཉིན་གྲངས་གཉིས་རིང་ཇ་ལན་དར་ Jalandhar དུ་ཡོད་པའི་བོད་མི་སུད་ཚོང་བའི་ཁྲོམ་རར་ཡང་འགྲེམས་སྟོན་གནང་རྒྱུ་ཡིན་འདུག་པ་བཅས།།