ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༠ ནས་ ༢༢ བར་ཁེ་ན་ཌའི་གྲོང་ཁྱེར་ཧེ་ལི་ཕེག་སི་ནང་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ Halifax International Security Forum ཞེས་པའི་ལྷན་ཚོགས་ཐེངས་བདུན་པའི་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་སྐུ་ཞབས་ཌེ་ནི་ཡལ་ཀྲུ་ཝི་ནིང་ Dr. Daniel Twining ལགས་ཀྱིས་གཙོ་སྐྱོང་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་མང་གཙོའི་ཐོག་མཁས་པ་དང་ཨེ་ཤི་ཡ་ཁུལ་གྱི་གནད་ཡོད་མི་སྣ་བཅས་ཀྱིས་ ༼རྒྱ་གར་ནས་ཉི་ཧོང་བར་གྱི་ཨེ་ཤི་ཡ་ས་ཁུལ་དུ་མང་གཙོའི་གལ་གནད།༽ From India to Japan: The Importance of Democratic Asia ཅེས་པའི་བརྗོད་གཞིའི་ཐོག་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་པ་མ་ཟད། སྐབས་དེར་སྲིད་སྐྱོང་མཆོག་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་མང་གཙོའི་ལམ་ལུགས་དང་། ལྷག་པར་དེང་སྐབས་རྒྱ་ནག་གི་ས་མཚམས་གསར་བཟོའི་གནས་སྟངས་འོག་མང་གཙོའི་ལམ་ལུགས་ལ་གཅེས་འཛིན་བྱེད་མཁན་ཨེ་ཤི་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་མཉམ་རུབ་ཐོག་རང་དབང་དང་འདྲ་མཉམ་གྱི་ལམ་སྲོལ་གོང་སྤེལ་གཏོང་ཆེད་འབད་བརྩོན་གནང་གལ་ཆེ་སྐོར་གསུངས།
ཐེངས་འདིའི་ལྷན་ཚོགས་སྐབས་ཡ་མེན་གྱི་ Justice and Building Party ཚོགས་གཙོ་སྐུ་ཞབས་མོ་ཧོ་མཏ་ཨ་བུ་ལ་ཧོམ་ Mohammed Abulahoum མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀྲིམ་ཀེ་ནི་ US Senators Tim Kaine མཆོག་སོགས་སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་དབུ་ཁྲིད་ ༣༠༠ ལྷག་ཙམ་དང་། དེ་བཞིན་རྒྱལ་ཁབ་ ༦༠ ཙམ་ནས་བདེ་འཇགས་ཐོག་གི་མཁས་དབང་མི་སྣ་སོགས་ལྷན་འཛོམས་གནང་ཡོད་འདུག
ལྷན་ཚོགས་སྐབས་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་ཀྱི་དཀའ་ངལ་དང་། རྒྱ་ནག་དང་ཨུ་རུ་སུས་དྲག་པོའི་དཔུང་འཇུག་ཇེ་ཆེར་འགྲོ་བཞིན་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམག་འཁྲུག་གི་དཀའ་ངལ་འོག་མི་མང་བྲོས་བྱོལ་བ་རྣམས་ལ་མཉམ་རུབ་ཐོག་ནས་གཟིགས་སྐྱོང་གནང་རྒྱུའི་བཟང་སྤྱོད་ཀྱི་འགན་ཡོད་པ་སོགས་ཀྱི་སྐོར་ཡིན་འདུག
ཧ་ལི་ཕེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཞེས་པའི་ཚོགས་པ་འདི་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་ཚོང་གི་ཁེ་ཕན་དང་ཕྱོགས་ལྷུང་མེད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེས་སྲིད་གཞུང་ཁག་དང་དམག་སྡེ་དང་དཔལ་འབྱོར་སྡེ་ཚོགས། དེ་བཞིན་ཤེས་ཡོན་དང་ཚོང་ལས། གསར་འགྱུར་བརྒྱུད་ལམ་སོགས་སྡེ་ཚན་འདྲ་མིན་ཁག་གི་དབུ་ཁྲིད་དང་ལས་ཀྱི་སྣེ་མོ་བ་རྣམས་ལ་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་སྲུང་དང་། དེ་བཞིན་འཛམ་གླིང་ནང་མང་གཙོ་འཕེལ་རྒྱས་དང་ཞི་བདེ་བསྐྲུན་ཐབས་སོགས་ཀྱི་ཐོག་ལ་གོ་བསྡུར་སྦྱང་བཤད་གནང་རྒྱུའི་གོ་སྐབས་སྐྲུན་བཞིན་ཡོད་འདུག །