ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་བཀོད་སྒྲིག་ཚན་པས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༣ ནས་ཉིན་གྲངས་གསུམ་རིང་བྷེང་ལོར་མངའ་ཁུལ་གྱི་མཐོ་སློབ་ཁག་ཏུ་སློབ་སྦྱོང་གནང་བཞིན་པའི་བོད་པའི་སློབ་ཕྲུག་ཁག་གཅིག་ལ་དབུ་མའི་ལམ་གྱི་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་གནང་བ་དེ་ཕྱི་ཚེས་ ༡༥ ཉིན་མཇུག་སྒྲིལ་ཡོད་འདུག
དེ་ཡང་མཇུག་བསྡོམས་མཛད་སྒོའི་ཐོག་བྷེང་ལོར་བོད་ཁྱིམ་བོད་ཀྱི་གཞོན་ནུའི་སྡོད་ཁང་གི་འགན་འཛིན་དོན་གྲུབ་ལགས་ཀྱིས་ཟབ་སྦྱོང་ནང་མཉམ་ཞུགས་གནང་བའི་སློབ་མ་ཚོར་ཕྱག་འཁྱེར་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་མངའ་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཁག་ ༢༢ ནང་སློབ་གཉེར་བྱེད་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་མཉམ་ཞུགས་བྱས་ཡོད་པ་དང་། ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་སློབ་མ་ཚོའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་སྐོར་གོ་རྟོགས་གོང་མཐོར་སྤེལ་ཆེད་ཡིན་འདུག
ཐེངས་དེའི་ཟབ་སྦྱོང་དེ་བཞིན་ཐོག་མ་ལྡི་ལིའི་མཐོ་སློབ་ཁག་གི་ནང་སློབ་གཉེར་བྱེད་བཞིན་པའི་བོད་རིགས་ཚོར་ཕུལ་རྗེས་བྷེང་ལོར་དུ་གོ་སྒྲིག་གནང་བ་ཞིག་ཡིན་སྟབས། དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་སྤེལ་ཐེངས་གཉིས་པ་ཆགས་འདུག གོ་སྒྲིག་གནང་མཁན་ཕྱི་དྲིལ་ལས་བྱེད་བསྟན་འཛིན་བཀྲ་ཤིས་ལགས་ཡིན་པ་དང་། ཟབ་ཁྲིད་པ་ཚེ་རིང་དབང་ཕྱུག་ལགས་དང་། བསྟན་འཛིན་བྱམས་ཆེན་ལགས་ཡིན་འདུག །