༢༠༡༥ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་གྱི་པན་ཇབ་ Punjab མངའ་སྡེའི་གྲོང་ཁྱེར་ཕག་ཝ་རའི་ Phagwara ནང་རྟེན་གཞི་བྱས་པའི་ lovely Professional University གཙུག་ལག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་གང་ཉིད་མཆོག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་གྱི་མཛད་སྒོར་དབུ་བཞུགས་མཛད་ཡོད།
དེ་ཡང་༸གོང་ས་མཆོག་གཙུག་ལག་སློབ་ཁང་དེར་༸ཞབས་སོར་འཁོད་སྐབས་གཙུག་ལག་སློབ་ཁང་དེའི་རིགས་བདག་ཆེན་མོ་སྐུ་ཞབས་ཨ་ཤོཀ་མི་ཏལ་ Mr Ashok Mittal ལགས་དང་ཁོང་གི་སྐུ་ཟླ་ལྕམ་སྐུ་རཤྨི་མི་ཏལ་ Mrs Rashmi Mittal ལགས་རྣམ་གཉིས་ཀྱིས་གཙོས་གཙུག་ལག་སློབ་ཁང་དེར་སློབ་གཉེར་གནང་བཞིན་པའི་བོད་པ་དང་འབྲུག་པའི་སློབ་མ་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་འདུག་པ་མ་ཟད། སྐབས་དེར་བོད་ཀྱི་སྲོལ་རྒྱུན་བཀྲ་ཤིས་ཞོལ་པ་དང་གཡག་འཁྲབ་སྟོན་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་གིས་གཙུག་ལག་སློབ་གྲྭའི་རིགས་བདག་ཆེན་མོའི་ལས་ཁུངས་སུ་ཆིབས་སྒྱུར་བསྐྱངས་ནས་གཙུག་ལག་སློབ་ཁང་དེའི་དགེ་ལས་རྣམས་ལ་མཇལ་ཁ་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་མགོན་པོ་གང་ཉིད་མཆོག་གིས་གསར་འགོད་པ་ཚོར་སྐུའི་མཛད་འགན་གཙོ་བོ་གསུམ་སྟེ། དང་པོ། གཞི་རྩའི་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་གནང་མཛད་རྒྱུ་དང་། གཉིས་པ། ཆོས་ལུགས་ཕན་ཚུན་འཆམ་མཐུན་གྱི་འབྲེལ་ལམ་གོང་མཐོར་གཏོང་གནང་མཛད་རྒྱུ། གསུམ་པ། བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་སྐོར་བཀའ་སློབ་སྩལ་ཡོད་པ་མ་ཟད། གསར་འགོད་པའི་དྲི་བ་ཁག་ལ་བཀའ་ལན་ཡང་སྩལ་འདུག སྐབས་དེར་གསར་འགོད་པ་ཞིག་གིས་ཕ་རན་སི་རྒྱལ་ས་པེ་རི་སིར་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བྱེད་དགོས་དོན་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། དུས་རབས་ ༢༠ ནང་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་ཧ་ལས་པ་བྱུང་ཡོད་ཀྱང་དུས་རབས་དེའི་ནང་དཀའ་རྙོག་དེ་དག་དྲག་ཤུགས་ཀྱི་ལམ་ནས་སེལ་ཐུབ་རྒྱུ་རེད་བསམས་པའི་བསམ་བློ་ཤུགས་ཆེ་ཡོད། དུས་རབས་ ༢༡ འགོ་སྟོད་ནས་འཚེ་བའི་བྱ་སྤྱོད་སྤེལ་རྒྱུ་རིམ་བཞིན་ཇེ་ཉུང་དུ་ཕྱིན་ཡོད། གང་ལྟར་མི་སུ་ཞིག་གིས་ཀྱང་རྙོག་གྲ་འདོད་ཀྱི་མེད། ང་ཚོ་ཚང་མས་ཞི་བདེ་ལྡན་པའི་མི་ཚེ་སྐྱེལ་འདོད་ཡོད། འོན་ཀྱང་དེ་ལྟར་ཡོང་ཆེད་ང་ཚོས་སྔོན་འགྲོ་ནས་གཙུག་ལག་སློབ་ཁང་བར་གྱི་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་དཔལ་འབྱོར་གྱི་མཐུན་རྐྱེན་ཁོ་ནར་གཙིགས་ཆེར་མ་འཛིན་པར་ནང་སེམས་རྒྱུད་དང་འབྲེལ་བའི་བྱམས་བརྩེ་སོགས་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་གལ་ཆེ་བའི་བསླབ་བྱ་སོགས་ཚུད་པའི་ལུགས་མཐུན་གྱི་ཤེས་ཡོན་ཡང་དག་པ་ཞིག་བསླབ་དགོས་ཀྱི་ཡོད། གལ་ཏེ་ང་ཚོས་དེ་ལྟར་བྱེད་ཐུབ་ཚེ་དུས་རབས་ ༢༡ འདི་བཞིན་ཞི་བདེ་དང་གྲོས་མོལ་གྱི་དུས་རབས་ཤིག་ཏུ་བསྐྲུན་ཐུབ། ཅེས་བཀའ་ལན་སྩལ་ཡོད།
དེ་རྗེས་༸གོང་ས་མཆོག་གིས་བོད་པ་དང་འབྲུག་པའི་སློབ་མ་ཚོར་བཀའ་སློབ་སྩལ་དོན། ངོས་རང་ལོ་ ༡༦ ནས་བོད་མིའི་ཆབ་སྲིད་ཀྱི་འགན་འཁྱེར་ཡོད། ཕྱི་ལོ་ ༢༠༡༡ ལོར་ངོས་ཀྱིས་རྒས་ཡོལ་ཞུས་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་ཚན་རིག་པ་དང་ལྷན་བགྲོ་གླེང་མཛད་འགོ་བཙུགས་གནང་མཛད་ཡོད་པ་དང་། དེས་ཕན་ཐོགས་ཧ་ཅང་བྱུང་ཡོད་སྐོར། ལྷག་པར་༸གོང་ས་མཆོག་གིས་ཕྱི་ཚེས་ ༡༢།༡༣ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་རྒྱལ་ས་ལྡི་ལིའི་ནེ་རུ་གཙུག་ལག་སློབ་ཁང་དུ་ནང་པའི་གཞུང་ནས་དབུ་མ་པ་དང་དེང་རབས་ཚན་རིག་ནས་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་སྐོར་བགྲོ་གླེང་མཛད་པ་མ་ཟད། འཆར་ལོའི་ནང་སླར་ཡང་ཚན་རིག་པ་དང་བགྲོ་གླེང་མཛད་འཆར་ཡོད་སྐོར། གཞན་ཡང་དེ་སྔ་མགོན་པོ་གང་ཉིད་མཆོག་གི་བཀའ་དགོངས་ལྟར་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཕྱོགས་སྒྲིག་མཛད་ཡོད་སྐོར། ཀུན་བཏུས་ནང་གི་བརྗོད་བྱ་རྣམས་རྒྱལ་བའི་བཀའ་འགྱུར་བསྟན་འགྱུར་ནས་བཏུས་པ་དང་། ལྷག་པར་བོད་མི་གཞོན་སྐྱེས་ཚོས་ནང་པའི་གཞུང་ལ་ཐོས་བསམ་སློབ་གཉེར་བྱ་རྒྱུ་དེ་གྲྭ་པ་དང་ཨ་ནིའི་བྱ་རྒྱུ་རེད་མདོག་མདོག་བྱས་ནས་གཡུག་མ་བཞག་པར་ཚད་མ་རིག་པ་སོགས་ལ་ངེས་པར་དུ་དོ་སྣང་བྱེད་དགོས་པའི་ལམ་སྟོན་མཛད་ཡོད།
དེ་རྗེས་༸གོང་ས་མཆོག་གིས་གཙུག་ལག་སློབ་གྲྭའི་བསླབ་པ་མཐར་སོན་གྱི་དགའ་སྟོན་རྟེན་འབྲེལ་མཛད་སྒོར་ཆིབས་སྒྱུར་བསྐྱངས། སྐབས་དེར་པན་ཇབ་དང་ཧར་ཡ་ན། ཅནྡི་གྷར་སོགས་ཀྱི་མངའ་སྡེའི་གཙོ་འཛིན་Kaptan Singh Solanki མཆོག་ཀྱང་ཕེབས་ཡོད། མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་རིགས་བདག་ཨ་ཤོཀ་མི་ཏལ་ལགས་ཀྱིས་༸གོང་ས་མཆོག་དང་མངའ་སྡེའི་གཙོ་འཛིན་རྣམ་གཉིས་ངོ་སྤྲོད་གནང་བསྟུན། ༸གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་གོང་སྤེལ་གཏོང་ཐབས་དང་ཆོས་ལུགས་མཐུན་འབྲེལ། བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་སྐུ་ངལ་འཛེམས་མེད་ཐོག་མཛད་འཕྲིན་བསྐྱངས་པ་བརྟེན་ཆེ་བསྟོད་ཀྱི་ཕྱག་ཁྱེར་འདི་འབུལ་ལམ་ཞུས་པ་ཞིག་ཡིན་སྐོར་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་་མཁས་པའི་མཚན་གནས་ཀྱི་ཕྱག་འཁྱེར་Doctor of Divinity དགྱེས་བཞེས་མཛད། དེ་ནས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་ཡོད་པ་བཅས།།