༢༠༡༥ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །འདི་གར་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་ཤེས་ཡོན་སྲིད་བྱུས་དང་། བསླབ་གཞི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པའི་འཛིན་རིམ་གསུམ་པའི་ཚན་རིག་སློབ་དེབ་གཏན་འབེབས་ཚོགས་འདུ་ཞིག་དྷ་ས་གངས་ཅན་སྐྱིད་གཤོང་གི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་གོ་སྒྲིག་ཞུས་ཡོད། ཚོགས་འདུའི་ནང་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་། དྷ་ས་བོད་ཁྱིམ་དགེ་ཆེ་དོན་གྲུབ་རྒྱལ་པོ་ལགས། སུ་ཇ་བོད་ཁྱིམ་སློབ་དགེ་ཉི་མ་ཚེ་རིང་ལགས།
མ་ན་ལི་སམ་བྷོ་ཊ་ཉིན་སློབ་སློབ་དགེ་སྤེན་པ་སྟོབས་རྒྱལ་ལགས། མ་སུ་རི་བོད་ཁྱིམ་སློབ་དགེ་ཕུར་བུ་དོན་གྲུབ། ཤེས་ལྷན་དྲུང་གཞོན་བསོད་ནམས་བཟང་པོ་ལགས་དང་། ཚན་རིག་ཤེས་ཡོན་འགན་འཛིན་པ་སངས་མཆོག་པ། སྤྱི་ཚན་རྩོམ་སྒྲིག་པ་བུདྡྷ་སྐྱབས། ཚན་རིག་སློབ་དེབ་རྩོམ་སྒྲིག་པ་འཕྲིན་ལས་དབང་འདུས་བཅས་མཉམ་བཞུགས་གནང་ཡོད་པ་རེད། ཉིན་གསུམ་རིང་འཛིན་རིམ་གསུམ་པའི་ཚན་རིག་སློབ་དེབ་རགས་ཟིན་ཐོག་གོ་བསྡུར་གཏན་འབེབས་དང་། འཛིན་རིམ་བཞི་པ་དང་ལྔ་པའི་ཚན་རིག་སློབ་དེབ་བསྐྱར་ཞིབ་གནང་ཕྱོགས་འཆར་འགོད་ཞུ་གཏན་འཁེལ་ཡོད་པ་བཅས།།