ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་བཀོད་སྒྲིག་ཚན་པས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༣ ནས་ ༡༥ བར་ཉིན་གསུམ་རིང་བྷེང་ལོར་མངའ་ཁུལ་གྱི་བོད་རིགས་མཐོ་རིམ་སློབ་ཕྲུག་ཁག་གཅིག་ལ་དབུ་མའི་ལམ་གྱི་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་གནང་འདུག
ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་མངའ་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཁག་ ༢༢ ནང་སློབ་གཉེར་བྱེད་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་མཉམ་ཞུགས་བྱས་ཡོད་པ་དང་། ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་སློབ་མ་ཚོའི་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་གང་ཡིན་སྐོར་གོ་རྟོགས་གོང་མཐོར་གཏོང་ཆེད་ཡིན་འདུག
དེ་ཡང་ཟབ་སྦྱོང་གི་ཐོག་མར་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སློབ་ཕྲུག་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བཅུ་དྲུག་ཐོག་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་ད་བར་བོད་རིགས་སྤྱི་དང་། འཛམ་གླིང་ཧྲིལ་པོའི་འགྲོ་བ་མིའི་བདེ་རྩ། ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་ཐོག་སྐུ་ངལ་ཆེན་པོ་མཛད་དང་མཛད་བཞིན་པར་བརྟེན་མགོན་པོ་གང་ཉིད་མཆོག་ནི་བོད་མི་ཙམ་མ་ཟད་འཛམ་གླིང་ཁྱོན་ཡོངས་ལ་སྐུ་དྲིན་ཧ་ཅང་ཆེན་པོ་ཡིན་པ་སློབ་མ་ཚོས་ཡིད་ལ་བཅངས་ཏེ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། གང་ཉིད་མཆོག་གི་བཀའ་དྲིན་དུས་ནམ་ཡང་མ་བརྗེད་པའི་ཐོག་ནས་རང་ཉིད་ཀྱི་ལས་འགན་བསྒྲུབ་དགོས་པའི་གསུང་བཤད་དོ་ནན་གནང་ཡོད་པ་མ་ཟད། སློབ་མ་རྣམས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་ཞིབ་རྒྱས་གནང་ཡོད། ཐེངས་འདིར་བོད་རིགས་སློབ་མ་གྲངས་ ༥༠ ཙམ་མཉམ་ཞུགས་གནང་འདུག
སྤྱིར་ཉིན་གསུམ་རིང་གི་ཟབ་ཁྲིད་གནང་མཁན་ཕྱི་དྲིལ་ལས་བྱེད་ཚེ་རིང་དབང་ཕྱུག་ལགས་དང་བསྟན་འཛིན་བྱམས་ཆེན་ལགས་གཉིས་ཡིན་འདུག་པ་བཅས། །