༢༠༡༥ ཟླ་ ༡༡་ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཨ་རིའི་སེམས་ཁམས་རིག་པ་བ་དང་རྩོམ་པ་པོ་གྲགས་ཅན་དང་། ཚན་རིག་གི་གསར་འགོད་པ། དེ་བཞིན་༸གོང་ས་མཆོག་དང་ཐུགས་ཧ་ཅང་ཉེ་བའི་གྲོགས་པོ་སྐུ་ཞབས་ཌེ་ནི་ཡེལ་གོལ་མེན་Dr. Daniel Goleman མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༨ ཉིན་ལྷོ་ཨ་མི་རི་ཀའམ་ལེ་ཊིན་ཨ་མེ་རི་ཀ་ཞེས་པའི་བྷར་སིལ་Brazil ཡུལ་གྱི་རྒྱལ་ས་སྭ་པོ་ལོའི་ནང་ Sao Paulo City བོད་ཁང་གསར་དུ་དབུ་འབྱེད་གནང་འདུག དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་འབུམ་རམས་པ་ལྕམ་སྐུ་ཨེ་ལི་ས་ཀོ་ཛ་ས་ལགས་ཀྱིས་ Dr. Elisa Kozasa སྐུ་ཞབས་ཌེ་ནི་ཡེལ་གོལ་མེན་མཆོག་མང་ཚོགས་ལ་ངོ་སྤྲོད་གནང་ཡོད། ལྕམ་སྐུ་ཨེ་ལི་ས་ཀོ་ཛ་ས་ལགས་ནི་ཀླད་ཁམས་རིག་པའི་ཚན་རིག་པ་ཞིག་དང་སེམས་དང་སྲོག་བསྟི་གནས་ཁང་གི་ཚོགས་མིའི་ཁོངས་སུ་ཡོད་འདུག་པ་མ་ཟད། བྷར་ཛིལ་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡིན་འདུག
སྐབས་དེར་སྐུ་ཞབས་ཌེ་ནི་ཡེལ་གོལ་མེན་མཆོག་གིས་མང་ཚོགས་རྣམས་ལ་༸གོང་ས་མཆོག་གི་འཛམ་གླིང་སྤྱིའི་བདེ་ཐབས་ལ་སྨན་པའི་ཐུགས་ཀྱི་འཆར་སྣང་སྐོར་གསུང་བཤད་གནང་འདུག་པ་མ་ཟད། ཁོང་གིས་བརྗོད་གཞི་དེ་འབྲེལ་གྱི་དེབ་གཅིག་ཀྱང་འདི་ལོའི་ཕྱི་ཟླ་ ༦ ནང་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་སྐབས་དང་བསྟུན་བཏོན་གནང་འདུག་པ་དང་། དེབ་དེ་སྐད་ཡིག་མི་འདྲ་བ་ ༡༧ ནང་ཕབ་སྒྱུར་གནང་འདུག སྤྱིར་སྐུ་ཞབས་ཌེ་ནི་ཡེལ་ཁོང་གིས་དེ་སྔ། མྱོང་ཚོར་ལ་རྟེན་པའི་ཤེས་རབ། “Emotional Intelligence”ཅེས་པའི་དཔེ་དེབ་གཅིག་བརྩམས་རྗེས་ཧ་ཅང་གྲགས་ཆེན་པོ་བྱུང་འདུག
གཞན་ཡང་མཛད་སྒོའི་སྐབས་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་པ་དང་སྦྲགས་བོད་ཁང་གསར་པའི་དགོས་དམིགས་དང་ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་འདུག ཕྱོགས་མཚུངས་སྐབས་དེར་གཙུག་ལག་སློབ་དཔོན་སྐུ་ཞབས་ལི་ཡ་ཌེ་སི་ཀིན་Prof. Lia Diskinལགས་ཀྱིས་འདས་པའི་དུས་ཡུན་ནང་བོད་ཁང་གསར་རྒྱག་ཆེད་འབད་བརྩོན་གང་གནང་ཡོད་སྐོར་དང་། ད་ཆ་ལས་དོན་དངོས་སུ་ལེགས་གྲུབ་བྱུང་བ་མཐོང་སྐབས་ཧ་ཅང་དགའ་ཚོར་བྱུང་ཡོད་སྐོར་སོགས་གསུངས། ཁོང་མོ་ནི་པ་ལ་སི་ཨ་ཐེ་ན་མཐུན་ཚོགས། Palas Athena Association ཞེས་པ་དེ་འཛུགས་མཁན་གཙོ་གྲས་ཤིག་ཡིན་པ་མ་ཟད། བོད་ཁང་གི་སློབ་སྟོན་པ་ཡང་ཡིན་འདུག དབུ་འབྱེད་མཛད་སྒོའི་སྐབས་ཤེས་ཡོན་པ་དང་སློབ་ཕྲུག་སོགས་ཁྱོན་མི་གྲངས་བརྒྱ་ཙམ་ཕེབས་འདུག